དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྒོ་མོ་འབྱེད་རྒྱ་ཆེ་རུ་རྒྱུན་མཐུད་བཏང་ནས་འཛམ་གླིང་ལ་གོ་སྐབས་གསར་པ་སྐྲུན་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲུང་ཚའེ་ཕིང་།   |     སྤེལ་དུས།  2026-01-13

    ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱས་ནས་ཁྱབ་ཁོངས་མང་པོའི་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་བྱས་པ་མ་ཟད། 2026ལོར་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུའི་ཐད་ཞིབ་ཕྲའི་བཀོད་སྒྲིག་རབ་དང་རིམ་པ་བྱས་པ་རེད། མིག་སྔར་རྒྱལ་སྤྱིའི་ཁོར་ཡུག་ལ་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་བྱུང་བའི་གནས་ཚུལ་འོག དེ་ཐོག་ནས་སྒོ་དབྱེ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱེད་པའི་རྒྱལ་ཁབ་ཆེན་པོའི་གདེང་ཚོད་དང་འགན་འཁྲི་འཁུར་སེམས་མངོན་པ་མ་ཟད། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་སྐྲུན་པའི་བརྡ་རྟགས་དྲག་པོ་བཏང་བའང་གསལ་སྟོན་བྱས་ཡོད།

    ཀྲུང་གོའི་ཁྲོམ་ར་ཆེན་པོ་རྒྱུན་མཐུད་ཤོང་སྐྱེད་རིམ་སྤོར་བྱས་ཏེ་འཛམ་གླིང་ལ་ཁྲོམ་ར་གསར་འབྱེད་ཀྱི་གོ་སྐབས་གསར་པ་བསྐྲུན་རྒྱུ་ཡིན་ཞིང་། ཁྲོམ་ར་ནི་དེང་སྐབས་འཛམ་གླིང་གི་ཐོན་ཁུངས་དཀོན་ཤོས་ཤིག་ཡིན། ཀྲུང་གོའི་ཁྲོམ་རར་གཞི་ཁྱོན་ཧ་ཅང་ཆེན་པོ་ཡོད། ཀྲུང་གོར་གཞི་ཁྱོན་ཆེ་བའི་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་ཚུད་པའི་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པ་དང་2025ལོའི་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་50ལས་བརྒལ་རེ་ཡོད། ཀྲུང་གོའི་ཁྲོམ་རར་གཏིང་ཤུགས་ཧ་ཅང་ཆེན་པོ་ཡོད། སྔོན་དཔག་བྱས་ན་འབྱུང་འགྱུར་ལོ་10ལྷག་ཙམ་རིང་ཀྲུང་གོའི་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་དུང་ཕྱུར་8ལྷག་ཙམ་ཟིན་རྒྱུ་དང་སྤུས་ཚད་མཐོ་བའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་གཏིང་ཤུགས་སྔར་བས་ཐོན་རྒྱུ་རེད། ཀྲུང་གོའི་ཁྲོམ་རར་སྒོ་དབྱེའི་ཉམས་འགྱུར་ལྡན་ཡོད། མིག་སྔར། ཀྲུང་གོས་ལོ་ལྟར་སྒོར་དུང་ཕྱུར་ཁྲི་20ལྷག་ཙམ་ཟིན་པའི་ནང་འདྲེན་བྱེད་ཀྱི་ཡོད་པ་དེ་རྒྱལ་ཁབ་དང་ས་ཁུལ་80ཙམ་གྱི་ཕྱིར་གཏོང་བྱ་ཡུལ་གཙོ་བོ་ཡིན་ཞིང་། ལོ་བརྒྱད་བསྟུད་མར་གཉེར་བའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་འདོད་ཕྱོགས་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་5800ལྷག་ཙམ་ཟིན་ཡོད། གོམ་སྟབས་རྗེས་མར། ཀྲུང་གོའི་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་ཕྱིན་ནས་རྒྱལ་ཁབ་དེ་བས་མང་བའི་སྤུས་ལེགས་ཐོན་རྫས་དང་ཞབས་ཞུ་ཀྲུང་གོའི་ཁྲོམ་རར་འདྲེན་རྒྱུར་སྟབས་བདེ་བསྐྲུན་རྒྱུ་དང་ཀྲུང་གོའི་ཁྲོམ་རའི་རྒྱ་ཆེ་བའི་གོ་སྐབས་མཉམ་སྤྱོད་ཐུབ་རྒྱུ་རེད།

    ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་བཏང་ཏེ་འཛམ་གླིང་ལ་མཉམ་གནས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསྐྲུན་རྒྱུ་ཡིན་ཞིང་། ཀྲུང་གོ་ནི་ལོ་མང་བསྟུད་མར་འཛམ་གླིང་གི་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་དང་པོར་བརྟན་པོར་གནས་པ་དང་། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་དང་སྣ་ཁ་འཛོམས་ཤོས་ཀྱི་ཐོན་སྐྱེད་བཟོ་སྐྲུན་མ་ལག་ལྡན་པས། འཛམ་གླིང་ལ་སྤུས་ཚད་མཐོ་ཞིང་རིན་གོང་ཁེ་བ་དང་བརྟན་ལ་བློས་འཁེལ་བའི་ཐོན་རྫས་རྒྱུན་མཐུད་མཁོ་འདོན་བྱས་ཏེ་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི“འགག་རྩའི་ལྷུ་ཚིགས”ཤིག་ཏུ་གྱུར་ཡོད། ནུས་རྒྱུ་གསར་པའི་ཐོན་ལས་ལ་ཆ་བཞག་ན། ཀྲུང་གོས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་མ་ལག་བསྐྲུན་ཟིན་པ་དང་འདས་ཟིན་པའི་ལོ་10ཡི་རིང་གོ་ལ་ཧྲིལ་པོའི་འོད་ཤུགས་གློག་འདོན་གློག་ནུས་ཀྱི་མ་གནས་རིམ་རྩིས་བརྒྱབ་ན་80%ལྷག་ཙམ་ཆག་པར་སྐུལ་འདེད་བཏང་ཡོད། གོམ་སྟབས་རྗེས་མར། ཀྲུང་གོས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་རྒྱལ་སྒྲོལ་བཀོད་སྒྲིག་བྱེད་པར་སྔར་བས་ཁྲིད་སྟོན་བྱས་ཏེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་བཟོ་ལས་ཅན་གྱི་འདུན་པ་དང་མཐུན་པ་དང་། ནུས་རྒྱུ་གསར་པ་དང་། རྨང་གཞིའི་འཛུགས་སྐྲུན་གསར་པ། ལྗང་མདོག་གཏེར་ཁ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་དེ་བས་མང་བའི་དཔལ་འབྱོར་འཕར་སྣོན་དང་། མཉམ་ལས་འཕེལ་རྒྱས། ལས་ཞུགས་རྒྱ་སྐྱེད། དམངས་འཚོ་ལེགས་གཏོང་བཅས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ནས་ལེའུ་གསར་པ་རྩོམ་རྒྱུ་རེད།

    ཀྲུང་གོའི་མ་འཇོག་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཏེ་འཛམ་གླིང་ལ་མ་འཇོག་ལས་དར་གྱི་གོ་སྐབས་གསར་པ་བསྐྲུན་རྒྱུ་ཡིན་ཞིང་། ཕྱི་རྒྱལ་གྱི་མ་དངུལ་འགུག་ཐབས་དང་བེད་སྤྱོད་བྱེད་པ་ནི་ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེའི་ཡུན་རིང་གི་བྱེད་ཕྱོགས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁྲོམ་རའི་ཞུགས་འཐུས་ལྷུག་ཏུ་རྒྱུན་མཐུད་བཏང་སྟེ་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱས་པ་དང་ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱ་བསྐྱེད་བརྟན་པོ་བཏང་བས། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། ཀྲུང་གོའི་གསར་གཏོད་ར་བར་གསོན་ཤུགས་རབ་ཏུ་འཕེལ་བ་དང་ཀྲུང་གོའི་ཁྲོམ་ར་ཆེན་པོའི་གཏིང་ཤུགས་མངོན་ནས་མ་འཇོག་གི་གོ་སྐབས་གསར་པ་མང་པོ་ཐོན་པས། རྒྱལ་སྒྲོལ་ཁེ་ལས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོར་ཞིབ་སྤེལ་ལྟེ་གནས་དང་གསར་གཏོད་ལྟེ་གནས་འཛུགས་རྒྱུའི་ཡིད་དབང་བཀུག་ཡོད། གོམ་སྟབས་རྗེས་མར། ཀྲུང་གོས་ཞབས་ཞུའི་ལས་རིགས་གཙོ་གནད་དུ་བཟུང་སྟེ་ཁྲོམ་རར་ཞུགས་འཐུས་དང་སྒོ་དབྱེའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། ཕྱི་རྒྱལ་གྱི་མ་དངུལ་མངའ་ཁོངས་ནང་ཁུལ་དུ་བསྐྱར་འཇོག་བྱ་རྒྱུར་སྐུལ་འདེད་གཏོང་བ། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ལ་རང་ཡུལ་ཅན་གྱི་ཐོན་སྐྱེད་མགྱོགས་སུ་དང་ཐོན་ལས་འཁོར་འབྲེལ་གོང་འོག་གི་ལྷན་སྦྱར་མཉམ་ལས་ནང་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། དེ་དང་དུས་མཚུངས། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ལ་སྐུལ་སྤེལ་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་རྒྱལ་དམངས་ཀྱི་ཐོབ་ཐང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུའི་མ་ལག་ལེགས་སུ་གཏོང་བ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་སྐྲུན་པ་བཅས་བྱས་ཏེ། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཡོང་འདོད་པ་དང་། གཞིས་ཆགས་ཐུབ་པ། འཕེལ་རྒྱས་ཡག་པོ་འགྲོ་ཐུབ་པ་བཅས་བྱེད་དགོས།

    སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། འཛམ་གླིང་ལ་གཉིས་ཁེ་གཉིས་ཕན་གྱི་གོ་སྐབས་གསར་པ་བསྐྲུན་རྒྱུ་ཡིན་ཞིང་། 2013ལོ་ཚུན་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐུན་དེ་ཀྲུང་གོའི་གྲོས་འགོ་ནས་རྒྱལ་སྤྱིའི་ལག་ལེན་ཕྱོགས་སུ་བསྒྱུར་ཡོད། ཀྲུང་གོ་དང་ལོ་སི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་4སོང་རིང་འགྲུལ་པ་མི་ཐེངས་ཁྲི་6250ལྷག་ཙམ་སྐྱེལ་འདྲེན་བྱས་པ་དང་། ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བརྒྱབ་ན་གཏོང་ཐེངས་ཁྲི་12ལྷག་ཙམ་ཟིན་པ། “ཆན་ཁའེ་ནས་ཧྲང་ཧའེ་བར་གྱི”མཚོ་ཐོག་སྐྱེལ་འདྲེན་ཕྱོགས་གཉིས་འབྲེལ་མཐུད་མངོན་འགྱུར་བྱུང་བ། ཞིང་ལས་དང་། སློབ་གསོ། འཕྲོད་བསྟེན། དབུལ་པོ་ཉུང་གཏོང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཁྱབ་ཁོངས་ཀྱི་དམངས་འཚོའི་རྣམ་གྲངས་འབོར་ཆེན་ཞིག་དོན་ཐོག་ཏུ་འཁྱོལ་བ་སོགས་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་དང“ཆུང་ལ་མཛེས་པའི”དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། “རྒྱུད་གཅིག་ལམ་གཅིག”དེ་དེང་སྐབས་འཛམ་གླིང་ཐོག་ཁྱབ་རྒྱ་ཆེ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་ཤིག་ཏུ་གྱུར་པ་དང་། མཉམ་ལས་ཀྱི་གྲུབ་འབྲས་ལས་རྒྱལ་ཁབ་དང་ས་ཁུལ་150ལྷག་ཙམ་གྱི“ཕྱིའི་སྒྲིག་ཆས་འབྲེལ་མཐུད”དང་། “ནང་གི་སྟོབས་ཤུགས་འབྲེལ་མཐུད” “སེམས་པ་འབྲེལ་མཐུད”བཅས་ལ་སྐུལ་འདེད་ཐེབས་ཡོད། གོམ་སྟབས་རྗེས་མར། ཀྲུང་གོས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་དང་། ལྗང་མདོག་སྤྱོད་གཙང་སྒོ་དབྱེ། ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་པ། རྒྱུན་མཐུད་ཆོག་པ་བཅས་ཀྱི་མཛུབ་ཁྲིད་རྩ་དོན་མཐའ་འཁྱོངས་བྱས་ཏེ། མཉམ་སྐྲུན་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་བསྡུས་འབྲེལ་མཐུད་དྲ་རྒྱའི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ། མཚོན་རྟགས་རང་བཞིན་གྱི་ལས་གྲྭའི་མཉམ་ལས་གཏིང་ཟབ་དང་རྒྱ་ཆེར་གཏོང་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།