སློབ་གསོ་པུས་རེས་སྐོར་གསར་པའི“རྩེ་གྲ་གཉིས”འཛུགས་སྐྱོང་བྱེད་འགོ་འཛུགས་རྒྱུ་ཡིན་པ།
གསར་འགོད་པར་ཟླ་1ཚེས་8ཉིན་འཚོགས་པའི་2026ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2026ལོར། སློབ་གསོ་པུས་རིགས་དབྱེ་ནས་མཐོ་སློབ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། རེས་སྐོར་གསར་པའི“རྩེ་གྲ་གཉིས”འཛུགས་སྐྱོང་བྱེད་འགོ་བཙུགས་ཏེ། ས་གནས་ཀྱི་མཐོ་སློབ་དཀྱུས་མའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་། རྩལ་ནུས་ཆེ་བའི་ཤེས་ལྡན་པའི་ཁྱུ་ཚོགས་གསོ་སྐྱོང་འཆར་གཞི་དང“མཐོ་གཉིས་འཛུགས་སྐྲུན་འཆར་གཞི”ལ་སྤྱི་འདོམས་བྱ་རྒྱུ། རིགས་མི་འདྲ་བའི་མཐོ་སློབ་ལ་ཚན་རིག་དང་མཐུན་པའི་ངེས་གནས་གཏན་འཁེལ་དང་ཁྱད་ཆོས་དང་ལྡན་པའི་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱ་རྒྱུ་བཅས་རེད།
ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་རིང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཤིང་། ལོ་གཅིག་རིང་། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཉིན་རེའི་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོ་སྤེལ་ཡུན་ཆུ་ཚོད་2ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ས་གནས་ཁག་གིས་སློབ་གསེང་གི་སྐར་མ་15ཡོངས་ཁྱབ་ཏུ་འཚོལ་ཞིབ་བྱས་ནས་ལག་ལེན་བསྟར་བ། རིག་གཞུང་ཚན་ཁག་གི་ཆེད་ལས་བཀོད་སྒྲིག་བྱེད་སྟངས་ལེགས་སྒྲིག་བྱས་པ། ལོ་གསུམ་ལ་རེས་སྐོར་གཅིག་གི་དབང་སྤྲོད་དང་ཞིབ་བཤེར་གཏན་འབེབས་ཀྱི་ཚོད་འཛིན་མེད་པར་བཟོས་ནས་རིག་གཞུང་ཚན་ཁག་གི་ཆེད་ལས་ལོ་དེ་རང་དུ་བཀོད་སྒྲིག་དང་ལོ་དེ་རང་དུ་སློབ་མ་བསྡུ་ཐུབ་པར་བྱས་ཡོད། སློབ་ཞུགས་གོང་གི་ལོ་གཅིག་གི་བྱིས་གསོའི་སློབ་གསོའི་སློབ་ཡོན་རྩ་ཆག་སྲིད་ཇུས་ཀྱི་ཕན་པ་བྱིས་པ་ཁྲི་1200ལྷག་ཙམ་ལ་ཐོབ་པ་དང་། རྫོང་ཁོངས་དར་རྒྱས་བྱ་སྤྱོད་འཆར་གཞི་ལག་ལེན་བསྟར་འགོ་བཙུགས་ཏེ། མཐོ་རིམ་སློབ་འབྲིང་གི་སློབ་གནས་ཁྲི་149གསར་སྣོན་བྱས་པ། དགེ་རྒན་ཁྲི་1.36“ཁུལ་གསུམ”གྱི་ཤེས་ལྡན་པའི་སློབ་སྐྱོར་ནང་ཞུགས་པར་མངགས་པ། སྐབས་དང་པོའི“ཕུལ་བྱུང་དགེ་རྒན་གྱི་འཆར་གཞིའི” སློབ་ཐོན་སློབ་མ་དབུས་ནུབ་རྒྱུད་དུ་སློབ་ཁྲིད་བྱེད་པར་འབྱོར་བ། “རྒྱལ་ཁབ་ཀྱི་ཕུལ་བྱུང་འཆར་གཞིའི”སློབ་ཐོན་སློབ་མ་ཁག་དང་པོ་འཆད་སྟེགས་སུ་བསྐྱོད་ཡོད།
འབྲེལ་ཡོད་གསར་འགྱུར།