“ངས་ཀྲུང་ལོ་ལྕགས་ལམ་དུ་མེ་འཁོར་ལ་ཞིབ་བཤེར་ཉམས་བཟོ་བྱེད་བཞིན་ཡོད”
ལོ་སིའི་བུད་མེད་མེ་འཁོར་ཉམས་བཟོ་བ་ཞིག་གི་ཕུགས་འདུན་མངོན་འགྱུར་གྱི་ལམ་བུ།

འདི་ནི་ཕེང་མེང་ཡུས(གཡོན)ཀྱིས་ལས་རོགས་དང་མཉམ་དུ་ཝན་ཐེན་མེ་འཁོར་ཨ་མའི་ཉམས་བཟོ་འཁོར་ཁང་དུ་མེ་འཁོར་ལ་ཞིབ་བཤེར་ཉམས་བཟོ་བྱེད་བཞིན་པ།
ས་རུབ་པ་དང་ཀྲུང་ལོ་ལྕགས་ལམ་ལོ་སི་དུམ་བུའི་མེ་འཁོར་ཐེངས་གྲངས་ཁག་གི་ཉིན་གཅིག་གི་འཁོར་སྐྱོད་མཇུག་འགྲིལ་ནས། གཅིག་རྗེས་གཉིས་མཐུད་ངང་འཁོར་ཁང་དུ་ལོག་ཡོང་བ་དང་སྦྲགས་ཝན་ཐེན་མེ་འཁོར་ཨ་མའི་ཉམས་བཟོ་འཁོར་ཁང་ཡང་ཉིན་གཅིག་གི་ལས་བྲེལ་ཆེ་ཤོས་ཀྱི་སྐབས་ལ་སླེབས། མཚན་མོ་དེ་གར་མེ་འཁོར་ཚང་མར་འཆར་ཅན་གྱི་ཞིབ་བཤེར་བྱས་ཏེ་ཕྱི་ཉིན་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།
ལོ་28ལ་སླེབས་པའི་ལོ་སིའི་བུད་མེད་ཕེང་ཕི་མེང·མོང་ཀྲན་ཏི་ལ་ཕེང་མེང་ཡུས་ཞེས་པའི་རྒྱ་ཡིག་གི་མིང་སྙན་པོ་ཞིག་ཡོད་ཅིང་། ཁོང་ནི་ཀྲུང་ལོ་ལྕགས་ལམ་ལོ་སི་དུམ་བུའི་མེ་འཁོར་ཨ་མའི་ཉམས་བཟོ་བ་ཞིག་ཡིན་པ་དང་མེ་འཁོར་ཨ་མ་བདག་སྐྱོང་དང་ཉམས་བཟོའི་ལས་འགན་འཁུར་གྱི་ཡོད།
ལས་རེས་ཉིན་མོའི་ཞོགས་པའི་ཆུ་ཚོད་8པ་ཙམ་ལ། ཕེང་མེང་ཡུས་ཀྱིས་ལས་གོས་དང་བདེ་འཇགས་ཞྭ་མོ་གྱོན་ནས་དུས་ཐོག་ཏུ་ཉམས་བཟོ་འཁོར་ཁང་དུ་སླེབས་ཀྱི་ཡོད། མེ་འཁོར་ཨ་མ་འཁོར་ཁང་ནང་འབྱོར་མ་ཐག་ཁོང་གིས་འཕྲལ་དུ་མེ་འཁོར་ཨ་མའི་ནང་དུ་འཛུལ་ནས་ནང་འབར་འཕྲུལ་འཁོར་དང་བཀག་གཏོང་མ་ལག་སོགས་སྒྲིག་ཆས་ཀྱི་ལྷུ་ལག་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ཉམས་བཟོ་བྱེད་ཀྱི་ཡོད། མེ་འཁོར་ཨ་མ་འཁོར་ཁང་དུ་འབྱོར་སྐབས་མེ་འཁོར་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་40ནས་50བར་ཟིན་པ་དང་ཞིབ་བཤེར་ཉམས་བཟོ་བྱེད་ཐེངས་རེར་སྐར་མ་30ནས་45བར་འགོར་གྱི་ཡོད། ཞིབ་བཤེར་ཉམས་བཟོ་ཚར་ཐེངས་རེར་ཕེང་མེང་ཡུས་ཀྱི་ལུས་པོ་ཡོངས་རྔུལ་ཆུས་ཁེངས་ཀྱི་ཡོད། “ཞིབ་བཤེར་ཉམས་བཟོའི་ལས་ཀ་དེ་འགྲུལ་པའི་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་པས་ཧ་རི་ཧུ་རི་གཏན་ནས་བྱེད་མི་རུང་། ཚ་གདུག་ཇི་ཙམ་ཆེ་ནའང་མེ་འཁོར་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་ཕེང་མེང་ཡུས་ཀྱིས་བློ་རྩ་བརྟན་པོས་བཤད།
2015ལོར་ཀྲུང་ལོ་ལྕགས་ལམ་ལོ་སིར་སྐྲུན་འགོ་ཚུགས། སྐབས་དེར་ཀྲུང་གོ་ཀུའེ་དབྱང་ལས་རིགས་ལག་རྩལ་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་ཕེང་མེང་ཡུས་ཀྱིས་གསར་འགྱུར་དེ་ཐོས་སྐབས་དགའ་ཚོར་ཆེན་པོ་བྱུང་ཞིང་། སྐད་ཡིག་སློབ་སྦྱོང་ལེགས་སྒྲུབ་བྱས་རྗེས་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ལྕགས་ལམ་འགྲིམ་འགྲུལ་གཉེར་སྐྱོང་དོ་དམ་ཆེད་ལས་བདམས་པ་རེད། སློབ་གྲྭ་ཐོན་རྗེས་ཕེང་མོང་ཡུས་ཀྱིས་ལོ་ཀྲུང་ལྕགས་ལམ་ཚད་ཡོད་ཀུང་སིར་རང་ཉིད་ཀྱི་འོས་སྦྱོར་ཆ་འཕྲིན་བསྐྱལ་བ་དང་འབྲེལ་བདེ་བླག་ངང་ལས་ཞུགས་ཐུབ་པ་དང་། རིགས་པའི་གཞུང་ལུགས་དང་བཀོལ་སྤྱོད་གསོ་སྦྱོང་རབ་དང་རིམ་པ་བྱས་པ་བརྒྱུད། 2022ལོའི་ཟླ་2པར་ཁོང་དངོས་སུ་མེ་འཁོར་ཨ་མའི་ཉམས་བཟོ་བར་གྱུར་པ་རེད།
ལས་རིགས་ལ་བཅངས་པའི་དགའ་ཞེན་དང་ལས་ལ་བརྩོན་པའི་སྙིང་སྟོབས་ལ་བརྟེན་ནས་ཕེང་མེང་ཡུས་ཀྱིས་མེ་འཁོར་ཨ་མའི་ཉམས་བཟོའི་ལས་གནས་སུ་ལས་ཀ་བྱས་ཏེ་ལོ་3ལྷག་ཙམ་འགྲོ་གི་ཡོད། “དང་ཐོག་མར་ང་ལ་ནུས་ཤུགས་དང་ཉམས་མྱོང་མི་འདང་བའི་ཚོད་བགམ་འཕྲད་མྱོང་། ཞིབ་བཤེར་ཉམས་བཟོའི་ལས་དོན་དང་འབྲེལ་བའི་བཀོལ་སྤྱོད་མང་པོ་ཞིག་ལ་ཤུགས་ཆེན་པོ་དགོས་ཀྱི་ཡོད་པ་དཔེར་ན། ལྷུ་ལག་ཆེ་གྲས་བཤིག་པ་དང་ལག་ཆ་ལྕི་པོ་དབོར་བ་སོགས་ལྟ་བུར་བུད་མེད་ཀྱི་ངོས་ནས་བརྗོད་ན། དེ་ནི་འགྲན་སློང་ཆེན་པོ་ཞིག་རེད། སྐབས་དེ་དུས་ངས་རྟག་ཏུ་དགེ་རྒན་ལ་བློ་འདྲི་བྱེད་ཀྱི་ཡོད། ཁོམ་པ་བྱུང་མ་ཐག་ཤུགས་རྒྱག་སྟངས་རྒྱག་ལུགས་སྦྱོང་བ་དང་རམ་འདེགས་ཡོ་བྱད་སྤྱོད་སྟངས་སྦྱོང་བ་མ་ཟད་ལུས་སྦྱོང་ཡང་བྱེད་ཀྱི་ཡོད། རིམ་བཞིན་ངའི་ལུས་སྟོབས་འཕེལ་ནས་ལས་ཀ་བྱེད་སྐབས་སྔར་བས་བདེ་འཇགས་དང་ལས་ཕྱོད་ཆེ་རུ་ཕྱིན་སོང”ཞེས་ཕེང་མེང་ཡུས་ཀྱིས་བཤད། ཉམས་མྱོང་དངོས་ལས་དཀའ་ངལ་འཕྲད་སྐབས་འགག་རྩ་ནི་སློབ་སྦྱོང་བྱས་ནས་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་བ་རེད།
ཀྲུང་ལོ་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་4འཁོར་བ་དང་བསྟུན་ནས། ཕེང་མེང་ཡུས་དང་འདྲ་བའི་རྒྱལ་ཁོངས་ལོ་སི་ནས་ཡིན་པའི་བུད་མེད་མེ་འཁོར་ཞབས་ཞུ་བ་དང་ཞིབ་བཤེར་ཉམས་བཟོ་བ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དག་གིས་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བའི་ལོ་སིའི་ལྕགས་ལམ་བྱ་གཞག་ལ་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། མིག་སྔར་ལོ་ཀྲུང་ལྕགས་ལམ་ཚད་ཡོད་ཀུང་སིར་བུད་མེད་ལས་བཟོ་345ཡོད་པ་དེས་བསྡུར་གྲངས་ཀྱི་20%ཙམ་བཟུང་ནས་རྒྱལ་སྤྱིའི་ལྕགས་ལམ་ལས་རིགས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་ཅིང་། ཁོང་ཚོས་མེ་འཁོར་ཨ་མ་དང་། འཁོར་རིགས། འཕྲིན་གཏོང་། ལྕགས་ལམ་ཉམས་བཟོ། འགྲུལ་སྐྱེལ། མཐུན་སྦྱོར་སོགས་ལས་གནས་མང་པོའི་ཐོག་འབད་འཐབ་བྱས་ཏེ། ཀྲུང་ལོ་ལྕགས་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པའི་འགག་རྩའི་འགན་འཁྲི་འཁུར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།