དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་འཚོ་གཞི་ཚོས་སུ་བྱས་ཏེ་གངས་ལྗོངས་ཀྱི་བདེ་སྐྱིད་ཉམས་སྣང་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-13

    འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དམངས་འཚོའི་བདེ་རྩ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩིས་ནས། དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་དམངས་འཚོ་སྔར་བས་འགན་ལེན་དང་ལེགས་སུ་གཏོང་བའི”བྱེད་ཐབས་གལ་ཆེན་བཏོན་པ་དེ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི“དམངས་འཚོ་གལ་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི”གཙོ་གནད་ལས་འགན་དང་མཐུན་ཡོད་ལ། མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་ཆེན་པོ་དང་ཡང་མཐུན་ཡོད། ཞི་བས་བཅིངས་འགྲོལ་བཏང་བ་ནས་དུས་རབས་གསར་པའི་རྒྱང་ལམ་གསར་པའི་བར། ང་ཚོའི་གོམ་སྟབས་ཚང་མར་མི་དམངས་ལྟེ་བར་འཛིན་པའི་མངོན་གསལ་དོད་པའི་མཚོན་རྟགས་བརྐོས་ནས་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུ་དེ་ཏང་གིས་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་འགོ་ཁྲིད་བྱེད་པའི་གསོན་ཉམས་དོད་ཤོས་ཀྱི་མཆན་འགྲེལ་དུ་གྱུར་ཡོད།

    དམངས་འཚོའི་བདེ་རྩ་ནི་ཐ་གྲས་སྐྱོང་རྒྱུ་འགན་ལེན་གྱི་སྲ་ཞིང་བརྟན་པའི་སྲུང་སྐྱོང་ལས་བྱུང་བ་ཞིག་ཡིན་ཞིང་། ཏང་གི་འགོ་ཁྲིད་འོག་ང་ཚོས་སྤྱི་ཚོགས་འགན་སྲུང་དྲ་བ་མུ་མཐུད་ཚགས་དམ་དུ་བཏང་བར། གཞི་རྩའི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་ཚད་95%ཡན་ཟིན་པ་དང་། སྡོད་ཁང་འགན་ལེན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་འཚོ་བའི་ཐ་གྲས་སྐྱོང་བར་གཞོགས་འདེགས་ཏན་ཏིག་བྱས་ཡོད། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བར་སྐར་ཚོགས་ལྟར་ཁྱབ་པའི་འཕྲོད་བསྟེན་ཁང་དང་རྒན་གསོའི་ཞབས་ཞུའི་ས་ཚིགས་ལ་བརྟེན་ནས་མང་ཚོགས་ནད་ཆུང་གྲོང་ཚོ་ནས་བཅོས་ཐུབ་པ་དང་ནད་ཆེན་བཅོས་པར་འགན་ལེན་ཡོད་པ་བྱས་ཡོད། སློབ་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་གསོའི་བར་གྱི་དེང་རབས་ཀྱི་སྤྱི་པའི་སློབ་གསོའི་མ་ལག་ཆ་ཚང་ཞིག་བཙུགས་ཏེ་སློབ་ཡོན་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭས་དུད་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་ཅིང་། འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་ཆུ་གློག་ལམ་དྲ་བཅས་ཆ་ཚང་བའི་སྡོད་ཁང་གསར་པ་ལས་གྲོང་རྡལ་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་བ་རེད།

    དམངས་འཚོའི་བདེ་རྩ་དེ་འབབ་འཕར་ཕྱུག་འགྱུར་གྱི་རྒྱུན་མཐུད་ཤུགས་འདོན་ལས་འཕེལ་བ་ཞིག་ཡིན་ཞིང་། ང་ཚོས་གནད་སྨིན་ཇུས་འདོན་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་དང་དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་གཏོད་ལས་ཞུགས་འགན་ལེན་ནུས་ལྡན་བྱས་པ་དང་ཆབས་ཅིག་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ནས་སོན་འདེབས་པ་དང་འབྲི་གཡག་གསོ་ཚགས་སོགས་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་མཐའ་མཚམས་ཚོང་དོན་ཟོག་འགྲེམས་སོགས་གསར་དར་ཐོན་ལས་སྐྱེད་སྲིང་བྱས་ནས་ཞིང་འབྲོག་མང་ཚོགས་ཐོན་ལས་འཕེལ་རྒྱས་ནང་ཞུགས་པ་བརྒྱུད་རྒྱུན་མཐུད་ངང་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ཡོད། གྲོང་གསེབ་དར་རྒྱས་གཏོང་བའི་ཐོན་ལས་ཀྱི་རྣམ་གྲངས་རེ་རེ་བཞིན་ལག་ལེན་བསྟར་བ་དང་ལས་ཞུགས་ལས་གནས་རེ་རེ་བཞིན་གནད་སྨིན་སྦྲེལ་མཐུད་བྱུང་སྟེ། དེ་སྔའི་གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་མཁན་ཞིང་འབྲོག་པ་ད་ཆ་ཐོན་ལས་བཟོ་པ་དང་དམངས་སྲོལ་གནས་ཚང་གི་སྦྱིན་བདག་ལ་གྱུར་ནས་ཡོང་འབབ་ཇེ་མང་དུ་ཕྱིན་པ་དང་སྦྲགས་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་པ་རེད།

    དུས་རབས་གསར་པའི་དམངས་འཚོའི་བདེ་རྩ་དེ་ལྟོ་གོས་གཉིས་འཛོམས་ཀྱི་རིམ་པ་ལས་བརྒལ་ནས་དེ་བས་སྤུས་ཚད་མཐོ་བའི་འཚོ་བའི་ཕྱོགས་སུ་རིམ་སྤོར་བྱས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་ནས་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ། འཕྲིན་གཏོང་དྲ་བ་བཅས་ལས་གངས་ལྗོངས་ཕྱི་ནང་དབར་འབྲེལ་མཐུད་ཐོགས་མེད་ཐུབ་ཡོད། གྲོང་ཁྱེར་ནང་གི་རིག་གནས་ཁང་དང་ལུས་སྦྱོང་ཐང་ཆེན་རིན་མེད་ངང་སྒོ་ཕྱེ་བ་དང་། གྲོང་གསེབ་ཀྱི་ཞིང་པའི་དཔེ་དེབ་ཁང་དང་རིག་གནས་སྒོ་ར་དེ་བསམ་པའི་དགའ་ཚལ་དུ་གྱུར་ཡོད། མེད་པ་ནས་ཡོད་པར་འགྱུར་བ་ནས་དེ་བས་ལེགས་པ་དོན་གཉེར་བྱེད་པའི་བར། ང་ཚོས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་སེམས་ལ་བཞག་ནས། ཁུལ་ཆུང་རྙིང་པ་སྒྱུར་བཀོད་དང་། གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ འཐུང་ཆུའི་བདེ་འཇགས་རིམ་སྤོར་སོགས་དམངས་འཚོའི་བྱ་བ་དངོས་རེ་རེ་བཞིན་དོན་འཁྱོལ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་མིག་མཐོང་ལག་ཟིན་ཐུབ་པ་བྱུང་ཡོད།

    དམངས་འཚོར་དོན་ཆུང་མེད་ཅིང་། འདབ་ལོ་རེ་རེས་སེམས་ཀྱི་གདུང་བ་འདྲེན་གྱི་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་བདེ་རྩ་ཨང་དང་པོར་བཞག་ནས། དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་དང་། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ་སོགས་ལ་དམིགས་ཏེ་སླར་ཡང་བཀོད་སྒྲིག་གནང་བ་དང་། མིག་སྔའི་གནད་དོན་དངོས་ཐག་གཅོད་བྱེད་པར་གཞི་ཚུགས་པ་མ་ཟད། ཕུགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཇུས་འགོད་བྱེད་པར་ཡང་གཞི་ཚུགས་ནས་བརྩེ་བ་ཟབ་མོས་མང་ཚོགས་ཀྱི་སེམས་ཁྲལ་བྱེད་ས་དང་། སུན་སྣང་བྱེད་ས། སེམས་ནད་ཆེ་ས་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་གནང་ཡོད། དམངས་འཚོའི་སྲིད་ཇུས་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་བ་དང་བསྟུན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཏིལ་ཕུང་མེ་ཏོག་ཤར་བ་ལྟར་རིམ་བཞིན་ཡག་ཏུ་འགྲོ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།