“མཁའ་དབྱིངས་གསེར་ཟམ”བསྐྲུན་ནས་གངས་ལྗོངས་ས་མཐོ་དང་འཛམ་གླིང་སྦྲེལ་མཐུད་ལ་རམ་འདེགས་བྱས་པ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ལས་དོན་སྐོར་གྱི་སྒྲིལ་གླེང་།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་བདེ་འཇགས་དང་འཕེལ་རྒྱས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་དང་། སྐྱེལ་འདྲེན་ཐོན་སྐྱེད་འཕར་སྣོན། མཁའ་ལམ་དྲ་རྒྱ་རྒྱ་སྐྱེད། ཞབས་ཞུའི་སྤུས་ཚད་ལེགས་གཏོང་བཅས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་གངས་ལྗོངས་ས་མཐོའི་མཁའ་དབྱིངས་སུ་ལས་ཕྱོད་ཆེ་བའི“མཁའ་དབྱིངས་གསེར་ཟམ”ཞིག་བསྐྲུན་ནས། རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
བདེ་འཇཌ་ཀྱི་རྨང་གཞི་མུ་མཐུད་བརྟན་དུ་བཏང་བ།
དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་མཁའ་དབྱིངས་འགྲིམ་འགྲུལ་དོ་དམ་ལྟེ་གནས་ཀྱི་དོ་དམ་ཚོད་འཛིན་འཁོར་སྐྱོད་པུའི་གནམ་ལྕོག་དོ་དམ་ཚོད་འཛིན་ཁང་དུ་དོ་དམ་པས་ལེ་ཏའི་ལྟ་སྐུལ་ཚོད་འཛིན་འཆར་ཤེལ་ལ་ལྡིར་བཞིན་དུ་སྐུད་མེད་གློག་བརྒྱུད་དུས་ཐོག་ཏུ་གནམ་གྲུར་འགུལ་རྣམ་རྗེས་འདེད་བྱས་ཏེ་གནམ་གྲུ་རེ་རེ་བཞིན་འཕུར་འབབ་ལ་བཀོད་འདོམས་གནད་སྨིན་བྱེད་བཞིན་ཡོད། དུས་གཏན་གནམ་གྲུ་གཏན་འཁེལ་དང་ས་ངོས་སུ་བཤུད་བགྲོད་བྱེད་པ་ནས་མཁའ་དབྱིངས་སུ་འཕུར་བའི་བར་གྱི་ལྷུ་ཚིགས་རེ་རེ་སྦྲེལ་མཐུད་བདེ་བླག་བྱེད་པ་ནི་དེ་གའི་དུས་ཚོད་སྐར་ཆ་གཅིག་ཀྱང་འཛོལ་བ་མེད་པའི་ཚན་རིག་དང་མཐུན་པའི་བཀོད་གཏོང་དང་ཁ་འབྲལ་ཐབས་མེད། སྒྲིག་འཛུགས་དང་བཀོད་གཏོང་དམ་ཟབ་དེ་ལྟ་བུ་ནི་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དམིགས་བསལ་གྱི་འཁོར་སྐྱོད་ཁོར་ཡུག་ལ་ངོས་འཛིན་གཏིང་ཟབ་དང་རང་འགུལ་ངང་ཁ་གཏད་གཅོག་པ་ལས་བྱུང་བ་ཡིན།
བོད་ལྗོངས་ཀྱི་གནམ་ཐང་ཚང་མ་ས་མཐོ་ཡང་མཐོའི་གནམ་ཐང་དུ་གཏོགས་པས་གནམ་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་། ས་དབྱིབས་ཁོར་ཡུག་ཉེན་ཁ་ཆེ་བ། སྒྲིག་ཆས་ནུས་པར་ཤུགས་རྐྱེན་ཐེབས་སླ་བ་སོགས་འགྲན་སློང་མང་པོ་འཕྲད་ཡོད། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཐོག་མཐའ་བར་གསུམ་དུ“བདེ་འཇགས་ནི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱི་སྲོག་རྩ་ཡིན་པ”བློ་ལ་བརྟན་པོར་ངེས་ནས། “བདེ་འཇགས་ཨང་དང་པོར་འཇོག་པར”གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་ཀྱིས་ལས་མི་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་། “འགན་འཁྲི་བཞི”ལག་ལེན་བསྟར་ནས་ཕན་འབྲས་ཐོན་པར་དམ་འཛིན་ནན་པོ་བྱས་པ། “བདེ་འཇགས་ཆེན་པོ་དྲུག”གི་དོ་དམ་མ་ལག་བཙུགས་པ། ཐོན་སྐྱེད་འཁོར་སྐྱོད་སྒྲིག་འཛུགས་ལ་ཤུགས་སྣོན་བརྒྱབ་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་འགོག་དང་ཚོད་འཛིན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ་བཅས་བྱས་ནས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ཡོད།
ད་ཆ། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་མཁའ་འགྲུལ་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་ཡོད། དུས་གཏན་གནམ་གྲུའི་ཆ་སྙོམས་བཤུད་བགྲོད་ཀྱི་ལས་ཕྱོད་དེ“ལོ་ལྔ་ཚན་བཅུ་བཞི་པའི”ཐོག་མའི་དུས་སྐབས་ལས་20%ཡས་མས་མཐོ་རུ་ཕྱིན་པ་དང་། འཕུར་སྐྱོད་འཆར་གཞི་ཐག་གཅོད་དང་། མཁའ་འགྲུལ་གནམ་གཤིས་ཆ་འཕྲིན་ཐག་གཅོད། མཁའ་འགྲུལ་གསང་འཕྲིན་ཆ་འཕྲིན་ཐག་གཅོད་མ་ལག་བཅས་ལྗོངས་ནང་ཁུལ་གྱི་གནམ་ཐང་ཁག་དབར་དུ་གཅིག་འབྲེལ་འཁོར་རྒྱུག་ཐུབ་ནས། བོད་ཀྱི་མཁའ་འགྲུལ་དོ་དམ་འཁོར་རྒྱུག་ཐད་ཕྱོགས་བཞི་མཚམས་བརྒྱད་ལ་ལྟ་ཉན་ཐུབ་སྟེ་བདེ་འཇགས་འཁོར་རྒྱུག་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་སོང་ཡོད།
མཁྲེགས་ཆས་ཀྱི་རྨང་གཞི་རྒྱུན་མཐུད་གསར་བརྗེ་བྱས་པ།
ཡར་ཀླུང་གཙང་པོའི་ལྷོ་ངོགས་སུ“ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང”ཞེས་པའི་མཚོན་རྟགས་ལས་ཉི་འོད་ཆེམ་ཆེམ་འཚེར། T3གནམ་ཐང་འབབ་ཚུགས་སུ་འཛུལ་ཚེ་འགྲུལ་པས་ངོ་རིས་ངོས་འཛིན་བྱས་ནས་མགྱོགས་མྱུར་འགྲོ་སྐྱོད་ཐུབ་པ་དང་གནམ་ཐང་འབབ་ཚུགས་ཀྱིས་མཁོ་འདོན་བྱས་པའི་ཁུལ་ཁོངས་ཧྲིལ་པོར་རིན་མེད་ཀྱི་Wi-Fiདང་། རིག་ནུས་གློག་སྡོང་། སྐད་རིགས་མང་བའི་སྐད་སྒྱུར་འཕྲུལ་ཆས་སོགས་སྒྲིག་ཆས་བསྒར་ཡོད་པས། འགྲོ་སྐྱོད་དེ་བས་སྐྱིད་སྣང་དོད་ལ་བག་ཕེབས་པ་དང་། T3གནམ་ཐང་འབབ་ཚུགས་མདུན་དུ་མི་དང་རླངས་འཁོར་གོ་རིམ་ལྡན་པའི་སྒོ་ནས་འགྲོ་འོང་བྱེད་པ་ལས་དེང་རབས་གནམ་ཐང་གི་གསོན་ཤུགས་གང་ལེགས་མངོན་ཡོད།
དེ་དག་ཚང་མ་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་བརྟན་པོ་བཏང་བའི་གྲུབ་འབྲས་རེད། ལྷ་ས་གོང་དཀར་གནམ་ཐང་གི་གནམ་ཐང་འབབ་ཚུགས་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ནི་དེའི་ནང་གི་འགག་རྩའི་རྣམ་གྲངས་ཤིག་ཡིན་པ་དང་། གསར་དུ་བསྐྲུན་པའི་T3གནམ་ཐང་འབབ་ཚུགས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་8.8ཟིན་པ་དེ་ཐོག་མའི་གནམ་ཐང་འབབ་ཚུགས་ཀྱི་ལྡབ་53ཡིན་པ་དང་། 2021ལོར་འཁོར་རྒྱུག་བྱེད་འགོ་ཚུགས་པ་རེད། 2024ལོའི་ཟླ་7པར། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ལྷ་ས་གོང་དཀར་གནམ་ཐང་དེ་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་དངོས་སུ་མིང་བསྒྱུར་ནས་རྒྱལ་སྤྱི་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།
ད་ཆ་འགྲུལ་པས་ཐོབ་ཐང་ལག་འཁྱེར་དང་གློག་རྡུལ་གནམ་གྲུར་འཛུལ་བྱང་འཁྱེར་ཚེ་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་གནམ་གྲུར་སྡོད་པའི་འགྲོ་ལུགས་ཡོངས་གཉེར་ཐུབ་ཀྱི་ཡོད།
“T3གནམ་ཐང་འབབ་ཚུགས་སུ་གནམ་གྲུར་འཛུལ་བའི་སྒྲུབ་གཉེར་ལས་སྟེགས་56དང་། རང་འདེམས་སྒྲུབ་གཉེར་ལས་སྟེགས་22 བདེ་འཇགས་ཞིབ་བཤེར་བགྲོད་ལམ་22 གནམ་གྲུ་འཛུལ་སྒོ་21བཅས་སྒྲིག་སྦྱོར་བྱས་ཏེ“ཤོག་མེད་ཅན”གྱི་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཐོག འགྲོ་སྐྱོད་ཀྱི་ལས་ཆོད་ལྡབ་འཕར་ཡོང་བ་བྱས་ཡོད”ཅེས་བོད་ལྗོངས་གནམ་ཐང་ཚོགས་པའི་གནམ་ཐང་འབབ་ཚུགས་དོ་དམ་པུའི་ཞབས་ཞུ་དོ་དམ་ཁང་གི་ཅིང་ལི་གཞོན་པ་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས།
མཁའ་ལམ་དྲ་རྒྱ་རྒྱུན་མཐུད་རྒྱ་སྐྱེད་བཏང་བ།
མང་ཚོགས་ཕྱིར་སྐྱོད་སྟབས་བདེ་དང་ས་ཁོངས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་སྐྱེལ་འདྲེན་དྲ་རྒྱ་རྒྱུན་མཐུད་ངང་རྒྱ་སྐྱེད་བཏང་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། གསར་སྐྲུན་ཉིང་ལག་མཁའ་ལམ་གྱི་གནམ་ཐང་3གི་དུས་གཏན་གནམ་གྲུ་སྔ་རྗེས་སུ་ཤར་གཏོང་བྱས་པ་དང་། ལྷ་ས་ནས་ཁྲུང་ཆིང་དང་སིང་ཀ་ཕོར་བར་དང་། ལྷ་ས་ནས་ཁྲེང་ཏུའུ་དང་ཤང་ཀང་བར། ལྷ་ས་ནས་པོ་ཁ་ལ་བར། ཆབ་མདོ་ནས་ཁྲེང་ཏུའུ་དང་པེ་ཅིང་བར། གཞིས་རྩེ་ནས་ཧྲང་ཧའེ་བར་སོགས་མཁའ་ལམ་63གསར་དུ་ཤར་གཏོང་བྱས་ཡོད། ཤང་ཀང་དང་། པོ་ཁ་ལ། སན་མིང་། ཁྲང་ཀྲོའུ་སོགས་མཁའ་ལམ་ཤར་གཏོང་ཐུབ་པའི་ས་ཁུལ་དང་གྲོང་ཁྱེར་20གསར་སྣོན་བྱས་པ་མ་ཟད། ད་དུང་པེ་ཅིང་དང་། ཁྲེང་ཏུའུ། ཁྲུང་ཆིང་། ཤིས་ཨན་སོགས་གཙོ་གནད་གྲོང་ཁྱེར་དུ་སྐྱོད་པའི་དུས་གཏན་གནམ་གྲུ་མང་དུ་བཏང་བ་དང་མཁའ་ལམ་དྲ་རྒྱ་དེ་བས་ཤར་གཏོང་ཐུབ་ཡོད། མིག་སྔའི་བར། མཁའ་འགྲུལ་ཀུང་སི་12(རྟེན་གཞིའི་མཁའ་འགྲུལ་ཀུང་སི་1ཚུད་པ)ཀྱིས་བོད་ཀྱི་མཁའ་ལམ་གཉེར་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་86ལ་གནམ་གྲུ་ཤར་གཏོང་ཐུབ་སྟེ། མཁའ་ལམ་200(རྒྱལ་སྤྱིའི་མཁའ་ལམ་3དང་ས་ཁུལ་གྱི་མཁའ་ལམ་1ཚུད་པ)ཟིན་ཞིང་། “ལྟེ་བ་གཅིག་དང་ཕལ་པ་གཅིག ལྟེ་གནས་གཉིས། ཤར་ནུབ་ཕྱི་ཕྱོགས་བགྲོད་ལམ་གཉིས”ཀྱི་མཁའ་ལམ་དྲ་རྒྱའི་བཀོད་པ་མགྱོགས་མྱུར་གྲུབ་བཞིན་ཡོད་པ་རེད།
ཤར་གཏོང་ཐུབ་པའི་མཁའ་ལམ་དྲ་རྒྱས་སྐྱེལ་འདྲེན་ཐོན་སྐྱེད་མགྱོགས་མྱུར་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རིམ་རྩིས་བརྒྱབ་ན་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱིས་དུས་གཏན་གནམ་གྲུ་འཕུར་འབབ་ཐེངས་ཁྲི་29.46འགན་ལེན་བྱས་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་3188.24ཟིན་པ། སྦྲག་བསྐུར་དབོར་འདྲེན་བྱེད་ཚད་ཏུན་ཁྲི་23.51ཟིན་པ་བཅས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལས་28%དང་། 28% 19%བཅས་སོ་སོར་འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།