སྡོད་ཁང་གསར་པར་ལས་བྲེལ་ཆེ། ལོ་གསར་བསུ་བའི་རྣམ་པ་ཟབ།

གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཤེལ་དཀར་གྲོང་རྡལ་གནས་གསར་གྲོང་ཚོའི་ཡུལ་མིས་ཁང་པ་གསར་པའི་སྒོ་སྟེང་དུ་ཀྲུང་གོའི་ལྷས་མདུད་འགེལ་བཞིན་པ།
ཟླ་1ཚེས་8ཉིན། ཞོགས་པའི་ཉི་འོད་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གཞུང་སྨད་ཤང་རྩྭ་སྐོར་གྲོང་ཚོར་འཕྲོས་ཤིང་། པད་མ་ཆུང་བདག་ནི་རང་ཁྱིམ་གསར་པའི་ནང་བྲེལ་བས་ཁེངས་ནས་ཡོད།
“ཁང་པ་གསར་པར་ལོ་གསར་གཏོང་ཐེངས་དང་པོ་ཡིན་པས། གང་དགོས་ཚང་མ་གྲ་སྒྲིག་ཨང་བསར་བྱས་ཡོད། དེ་ལྟར་བྱས་ན་ལོ་གསར་གྱི་རྣམ་པ་ཟབ་མོ་མཚོན་ཐུབ”ཅེས་པད་མ་ཆུང་བདག་གིས་ཁོའེ་ཙེ་རིང་པོ་ཞིག་གིས་ཁ་ཟས་ཨ་སློག་རྒྱག་བཞིན་འཛུམ་དམུལ་དམུལ་ངང་དེ་ལྟར་བརྗོད། འཆར་ལ་ཉེ་བའི་གཞིས་རྩེའི་སོ་ནམ་ལོ་གསར་ནི་ས་གནས་དེ་གའི་མང་ཚོགས་ཁང་པ་གསར་པར་སྤོས་རྗེས་ཀྱི་ལོ་གསར་དང་པོ་དེ་ཡིན་པས། ཚང་མས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
ཁང་པ་གསར་པའི་ནང་དེ་བས་དྲོ་སྐྱིད་ལྡན་པ་ཞིག་ཡོང་བར་བྱ་ཆེད། པད་མ་ཆུང་བདག་ཁྱིམ་གྱིས་སྒོར་ཁྲི་10བཏང་ནས་ཁང་པ་མཛེས་བཟོ་བྱས་པ་དང་ཁྱིམ་ཆས་གསར་པ་ཉོས་ཡོད། ན་ནིང་ཟླ་བ་བརྒྱད་པའི་ཟླ་དཀྱིལ་དུ་པད་མ་ཆུང་བདག་གི་ཁྱིམ་རྒྱ་ཁྱོན་ལ་སྨི་ངོས་གྲུ་110ཡོད་པའི་ཁང་པ་གསར་པར་སྤོས།
ན་ནིང་ས་ཡོམ་བརྒྱབ་རྗེས། སྲིད་གཞུང་གིས་གྲོང་མི་སྒྲིག་འཛུགས་བྱས་ཏེ་འཚོ་རྟེན་ལས་སྤྲོད་ཀྱི་ཐབས་ལ་བརྟེན་ནས་ཁྱིམ་གཞིས་བསྐྱར་སྐྲུན་བྱས་པ་དང་པད་མ་ཆུང་བདག་དང་ཁྱོ་ག་བུ་ཆུང་གིས་མིང་ཐོ་བཀོད་པ་མ་ཟད། ས་ཕག་དབོར་བ་དང་། འདམ་བག་རྫི་བ། ཞིག་རོ་གཙང་སེལ་བཅས་ཀྱི་ལས་ཀ་ཡོད་ཚད་བྱེད་ཀྱི་ཡོད།
པད་མ་ཆུང་བདག་གིས་ད་དུང་རོགས་སྐྱོར་བྱེད་མཁན་བཟོ་པའི་དགེ་རྒན་གྱི་འཁྲིས་ནས་སློབ་སྦྱོང་ཧུར་ཐག་བྱས་པས་བླུག་འཕྲུལ་དང་སྔོག་འཕྲུལ་ཆུང་གྲས་བཀོལ་སྤྱོད་བྱེད་པའི་རྩལ་ནུས་ཁོང་དུ་ཆུད་ཅིང་། ཁོ་མོས“ལག་རྩལ་སྣ་ཁ་གཅིག་མང་བ་སྦྱངས་ཚེ་དེ་བས་གདེང་ཚོད་ཆེ་རུ་འགྲོ་གི་འདུག”ཅེས་བརྗོད། སྒོ་འགྲམ་གྱི་ལས་ཀ་དེར་བརྟེན་ནས། ལོ་གཅིག་ནང་ཁོ་མོའི་ཁྱིམ་ཚང་གི་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་འཕར་ཡོད།
“ཁང་པ་བརྒྱབ་ཟིན་པས་འཚོ་བ་དེ་བས་སྐྱིད་དུ་སོང་ཡོད”གཞུང་སྨད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧོ་ཅིན་གྲོང་ཚོའི་ཁོད་སྙོམས་པའི་འགྲོ་ལམ་ཐོག་འགྲོ་ཞོར་་མིག་མདུན་གྱི་འཁྲུག་ཆ་དོད་པའི་ཡུལ་ལྗོངས་ལ་ལྟ་སྐབས། སེམས་ནང་དགའ་ཚོར་ཆེན་པོ་སྐྱེས།
ཧོ་ཅིན་གྱིས་གསར་འགོད་པར“གེགས་རྗེས་བསྐྱར་སྐྲུན་ལས་དོན་སྤེལ་འགོ་ཚུགས་སྐབས། ཤང་གིས་ཡུལ་མི་ཚོ་སྒྲིག་འཛུགས་བྱས་ནས་བསྐྱར་སྐྲུན་ནང་ཞུགས་ཏེ་སྒོ་འགྲམ་དུ་ངལ་རྩོལ་བྱེད་རྒྱུ་ཡོད་པ་དང་། སྒོ་འགྲམ་དུ་ཡོང་འབབ་གསོག་རྒྱུ་ཡོད་པ་བྱས་ཡོད། དེས་མང་ཚོགས་ལ་བློ་ཡིད་ཚིམ་པའི་ཁང་པ་ཡག་པོ་བརྒྱབ་ཡོད་ལ། ད་དུང་ཁོང་ཚོས་ཁང་པ་རྒྱག་པའི་བརྒྱུད་རིམ་ནང་ལག་རྩལ་སྦྱོང་ཐུབ་པ་དང་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད”ཅེས་བརྗོད།
“ཤང་ཡོངས་སུ་བསྐྱར་སྐྲུན་ནང་ཞུགས་མཁན་མང་ཚོགས་མི་1110ལྷག་ཙམ་ཡོད་པ་དང་། ཁྱོན་བསྡོམས་འབབ་འཕར་སྒོར་ཁྲི་3200བྱུང་ཡོད”ཅེས་ཧོ་ཅིན་གྱིས་བརྗོད། ཁོང་གིས་དེ་བས་བརྗེད་པར་དཀའ་བ་ཞིག་ནི། “ཡུལ་མིས་རྟག་ཏུ་ཇ་བསྲུབས་མ་ཁྱེར་ཡོང་ནས་ལས་གྲྭའི་བཟོ་པར་སྟེར་གྱི་ཡོད། བྱེད་སྟངས་དེ་ནི་མི་སེམས་དྲོ་བ་ཞིག་ཡོད”ཅེས་བརྗོད།
ས་སྐྱ་རྫོང་ནས་བྲལ་ཏེ་ནུབ་ཕྱོགས་སུ་སྤྱི་ལེ་བརྒྱ་ལྷག་ཙམ་སྐྱོད་ཚེ་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་གནས་གསར་གྲོང་ཚོ་ནས་སོ་ནམ་ལོ་གསར་བསུ་བའི་རྣམ་པ་ཞིག་ངང་གིས་འཕྱུར་བཞིན་ཡོད།
བསོད་ནམས་ཁྱིམ་གྱི་སྒོ་རའི་ནང་ལུག་བཞི་དང་མཛོ་གཅིག་བཤས་གཏོང་རྩིས་ཡོད་པ་དང་། དེ་དག་ནི་ཁོང་ཚོའི་ཁྱིམ་གྱིས་ལོ་གསར་ལ་གྲ་སྒྲིག་བྱས་པ་ཞིག་རེད། “ཉིན་གཉིས་ཙམ་སོང་རྗེས་ལྷ་སར་ནང་མི་ཚང་མར་གྱོན་ཆས་གསར་པ་ཉོ་བར་འགྲོ་གི་ཡིན། ལོག་ཡོང་དུས་ཏག་ཏག་བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་དགུ་ཡིན་པས། སྐབས་དེ་དུས་ཁང་པའི་སྒོ་དང་སྒེའུ་ཁུང་ཚང་མར་ཤམ་བུ་བསྒར་བ་དང་དེ་ནས‘ཕྱེ་མར’བསྒྲིགས་ཏེ་ལོ་གསར་སྐྱིད་པོ་ཞིག་གཏོང་གི་ཡིན”ཞེས་བསོད་ནམས་ཀྱིས་ལོ་གསར་གྱི་འཆར་གཞི་ཡག་པོ་ཞིག་བཏིང་ཡོད། ན་ནིང་ཁོ་པའི་ཁྱིམ་ལ་འབབ་འཕར་སྒོར་ཁྲི་10ལྷག་ཙམ་བྱུང་བས། ལག་དངུལ་འདང་ངེས་ཡོད་པ་དང་། ལོ་གསར་གྱི་དངོས་ཟོག་ཀྱང་དེ་སྔ་ལས་ཕུན་སུམ་ཚོགས་པ་གྲ་སྒྲིག་བྱས་ཡོད།
བསོད་ནམས་ནི་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་ཞིང་འཕྲུལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཁོངས་མི་ཞིག་རེད། ན་ནིང་ཁོ་པ་དང་མཉམ་ལས་ཁང་གི་རོགས་པ་ཚོས་འཕྲལ་མར་འཕྲུལ་ཆས་བཏང་ནས་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཁག་ནང་ཞུགས་ཡོད། “དེ་ནི་ང་ཚོའི་ཁྱིམ་ཡིན་པས། ནུས་ཤུགས་འདོན་དགོས་ངེས་རེད”ཅེས་ཁོ་པས་གཟབ་ནན་ངང་བརྗོད།
བཀྲ་ཤིས་འཛོམས་ཤང་ཞིང་འཕྲུལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དེ་ཤང་དུ་སྐད་གྲགས་ངེས་ཅན་ཡོད་ཅིང་། མཉམ་ལས་ཁང་དེ་2017ལོར་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་དང་། མཉམ་ལས་ཁང་ནང་ཞུགས་པའི་ཁོངས་མི་ཁྱོན་བསྡོམས་དུད་ཚང་341དང་། མ་རྐང་བཞག་པའི་ས་ཞིང་མུའུ་1187 ཞིང་ལས་འཕྲུལ་ཆས་ཆེ་ཆུང་89 ལོ་རེར་ཞིང་ལས་འཕྲུལ་ཆས་ཀྱི་ལས་སྒྲུབ་རྒྱ་ཁྱོན་མུའུ་ཁྲི་1.9ལྷག་ཙམ་བཅས་ཟིན་པ་དེ་ནི་མིག་སྔར་ལྷ་རྩེ་རྫོང་གི་ཞིང་འཕྲུལ་མཉམ་ལས་ཁང་6ནང་གི་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་6མཉམ་དུ་མ་རྐང་ནང་ཞུགས་པའི་མཉམ་ལས་ཁང་འབའ་ཞིག་དེ་རེད།
“ན་ནིང་མཉམ་ལས་ཁང་ལ་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་280བྱུང་བ་དང་ད་ལོའི་ཟླ་3པར་ཡོང་འབབ་བགོ་བཤའ་རྒྱག་སྐབས་དུད་ཚང་རེར་ཚོད་དཔག་བྱས་ན་ཡོང་འབབ་སྒོར་7500རེ་རག་རྒྱུ་རེད”ཅེས་མཉམ་ལས་ཁང་གི་འགན་འཁུར་བ་ལྷག་པས་གསར་འགོད་པར་བརྗོད། “དཔུང་སྒྲིལ”འཕེལ་རྒྱས་གཏོང་སྟངས་དེ་རིགས་ཀྱིས་ཚོགས་མི་རྣམས་ལ་གེགས་རྗེས་ཀྱི་ཐོན་སྐྱེད་སླར་གསོ་བྱེད་པའི་ཁྲོད་བརྟེན་ས་ཡོད་པ་མ་ཟད། འཚོ་བ་ཡང་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་སོང་ཡོད།
འབྲེལ་ཡོད་གསར་འགྱུར།