དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གཅིག་སྒྲིལ་རྫོང་གིས་བུ་གསོའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་པ།

    “ལས་དོན་མི་སྣས་ཁ་གསབ་དངུལ་ལེན་སྟངས་བསླབས་པས་མགྱོགས་པོ་ལེན་ཐུབ་སོང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཅང་མེང་།   |     སྤེལ་དུས།  2026-01-12

    འདི་ནི་བསོད་ནམས་ལྷག་བསྟན(གཡོན་གྱི་དང་པོ)གྱིས་ཉི་མ་ལྷ་མོར(གཡོན་གྱི་གསུམ་པ)བུ་གསོའི་ཁ་གསབ་སྲིད་ཇུས་བརྗོད་བཞིན་པ།

    “ཁྱེད་ཀྱི་རོགས་རམ་འོག་ཕྲུ་གུ་གཉིས་པའི་བུ་གསོའི་ཁ་གསབ་དངུལ་ལམ་སེང་རག་བྱུང”ཞེས་དྲུང་ཆེན་སུམ་མདོ་གྲོང་རྡལ་ནས་ཡིན་པའི་འབྲོག་མོ་ཉི་མ་ལྷ་མོས་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཡོན་ཀྲང་བསོད་ནམས་ལྷག་བསྟན་ལ་དེ་ལྟར་ཐུགས་རྗེ་ཆེ་ཞུས།

    ཉི་མ་ལྷ་མོ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཅིག་སྒྲིལ་རྫོང་དུ་འཚོ་བ་སྐྱེལ་བཞིན་ཡོད་ཅིང་། རྫོང་དེ་ནི་ཆ་སྙོམས་ས་བབ་སྨི་4000ཡན་ཟིན་པའི་ས་མཐོའི་འབྲོག་ལས་གཉེར་སྐྱོང་གི་རྫོང་ཞིག་རེད། “འབྲོག་པ་རྣམས་སྡོད་ས་ཁ་ཐོར་ཡིན་པའི་ཁར་འགྲིམ་འགྲུལ་སྟབས་བདེ་མེད་པ་མ་ཟད། འབྲོག་པ་མི་ཉུང་བ་ཞིག་གིས་རྒྱ་སྐད་ཡག་པོ་མི་ཤེས་པས། བུ་གསོའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་པར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ནའང་། ང་ཚོས་དཀའ་ངལ་ཁྱད་དུ་བསད་ནས་འབྲོག་པ་རྣམས་ལ་དངུལ་མགྱོགས་པོ་རག་ཐུབ་པ་བྱེད་བཞིན་ཡོད”ཅེས་གཅིག་སྒྲིལ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་དབང་ལྷ་མོས་ངོ་སྤྲོད་བྱས།

    བུ་གསོའི་ཁ་གསབ་དངུལ་དེ་དག་འབྲོག་ཁུལ་གྱི་མང་ཚོགས་ལ་ལག་འབྱོར་ཡག་པོ་ཐུབ་ཆེད། གཅིག་སྒྲིལ་རྫོང་གིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་ཇུས་བཟང་པོ་ཁྱིམ་གྱི་སྒོ་རྩར་ཁྱབ་བསྒྲགས་བྱས་ཡོད། “ང་ཚོས་རྒྱ་བོད་ཡིག་རིགས་གཉིས་ཀྱི་བརྡ་སྦྱོར་འཕྲལ་མར་པར་བཏབ་ནས་སྤྱི་རྟགས་དང་བརྙན་ཐུང་བརྒྱུད་བོད་སྐད་ཐོག་ནས་བཤད་པ་མ་ཟད། གྲོང་ཚོར་བོད་སྐད་ཀྱི་རླུང་འཕྲིན་ཐོག་ནས་ཡང་སྐོར་བསྐྱར་སྐོར་ངང་བཤད་ཡོད”ཅེས་ཚེ་དབང་ལྷ་མོས་བཤད་པ་དང་། ཁོང་གིས“ཁ་གསབ་འདི་ཐད་ཀར་དྲ་ཐོག་ནས་རེ་ཞུ་བྱེད་ཆོག གལ་ཏེ་མ་ཤེས་ཚེ་རོགས་པ་བྱེད་མཁན་ཆེད་མི་བཀོད་སྒྲིག་བྱས་ཡོད”ཅེས་བཤད།

    “ཤང་སྲིད་གཞུང་གི་ལས་དོན་པས་གྲོང་ཚོའི་སྐད་འཕྲིན་ཚོགས་པར་རེ་ཞུ་བྱེད་སྟངས་བསྐུར་བ་མ་ཟད། ལས་དོན་པས་དངུལ་ལེན་སྟངས་བསླབས་པས་ཁ་གསབ་དངུལ་མགྱོགས་པོ་ལེན་ཐུབ་པ་བྱུང་ཡོད”ཅེས་གཅིག་སྒྲིལ་རྫོང་བར་གཞི་ཤང་གསེར་ཁྲབ་གྲོང་ཚོའི་འབྲོག་པ་པད་མ་རྡོར་གྲགས་ཀྱིས་བཤད་པ་དང་། ཁོང་གིས་རང་ཉིད་ཀྱི་ཕྲུ་གུ་ཆུང་ཤོས་ལ་ཆ་རྐྱེན་དེ་འཛོམས་པས། རེ་ཞུ་བྱས་ནས་ཉིན་ཁ་ཤས་ལས་མ་འགོར་བར་བུ་གསོའི་ཁ་གསབ་དངུལ་སྒོར་3600འབྱོར་བྱུང་ཞེས་བཤད།

    “ང་ཚོས་རང་འགུལ་གྱི་དབྱེ་འབྱེད་བྱེད་ཤུགས་ཆེ་རུ་བཏང་ནས་དུད་ཚང་གཅིག་ཀྱང་མི་ལུས་པའི་བརྩོན་ལེན་བྱེད་ཀྱི་ཡོད། ཤང་དང་གྲོང་རྡལ་ཚང་མར་ཆེད་བསྐོས་པ་དང་གྲོང་ཚོའི་སྨན་པ་ཡོད་པས། ཁོང་ཚོས་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་འདོད་ཚུལ་ཤེས་པས་ཁྱིམ་ཚང་སུ་ལ་ཆ་རྐྱེན་འཛོམས་མིན་གསལ་པོ་ཤེས་ཐུབ་ཀྱི་ཡོད”ཅེས་ཚེ་དབང་ལྷ་མོས་བཤད།

    ཉི་མ་ལྷ་མོའི་ཁྱིམ་གྱི་གནས་ཚུལ་ནི་བསོད་ནམས་རབ་བརྟན་གྱིས་ལས་ཀ་བྱེད་རིང་ཤེས་རྟོགས་བྱུང་བ་ཞིག་རེད། “ཁོ་མོའི་ཁྱིམ་ལ་ཕྲུ་གུ་གཉིས་ཡོད། རྒན་པ་དེ་ལོ་གཅིག་ལྷག་ཙམ་ལ་སླེབས་པ་དང་། ཆུང་བ་དེ་2025ལོའི་ཟླ་བ་བཅུ་པར་སྐྱེས་པ་རེད། རྒན་པར་2025ལོའི་བུ་གསོའི་ཁ་གསབ་དངུལ་སྒོར་3600རག་ནའང་། ཆུང་བར་དངུལ་ལེན་པའི་རེ་ཞུའི་དཔྱད་ཡིག་ད་བར་བསྐྱལ་མ་བྱུང”ཞེས་བསོད་ནམས་ལྷག་བསྟན་གྱིས་བཤད།

    2025ལོའི་ལོ་མཇུག་བར། མཚོ་སྔོན་གྱིས་ལོ་3མན་གྱི་བྱིས་པ་དང་ཕྲུ་གུ་དམར་འབྱར་ཁྲི་17ལ་ཁ་གསབ་དངུལ་སྒོར་དུང་ཕྱུར་5.4སྤྲད་ཡོད། ཆ་རྐྱེན་འཛོམས་པའི་ཁྱིམ་ཚང་ལ་ཁ་གསབ་དུས་ཐོག་དང་གྲངས་ཚང་སྤྲོད་པའི་སྲིད་ཇུས་ལོངས་སྤྱོད་ཐུབ་པ་བྱ་ཆེད། མཚོ་སྔོན་གྱིས་བུ་གསོའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་པ་དེ་དམངས་འཚོའི་དོན་དངོས་སྒྲུབ་པའི་གཙོ་གནད་ལས་འགན་ཞིག་ཏུ་བརྩིས་ནས་སྐུལ་འདེད་བཏང་བ་དང་ལག་བསྟར་ཇུས་གཞི་བཀྲམ་པ་མ་ཟད། འཕྲོད་བསྟེན་བདེ་ཐང་དང་། སྤྱི་བདེ། དམངས་སྲིད་སོགས་སྡེ་ཚན་མང་པོའི་གྲངས་གཞི་བསྡུས་ནས་ད་ཡོད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་ཀྱིས་སྲིད་ཇུས་དོན་འཁྱོལ་གནད་སྨིན་ཡོང་བར་འགན་ལེན་བྱས་ཡོད།

    【སྦྲེལ་མཐུད】

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་གང་མགྱོགས་འཐུས་ཚང་ཡོང་བར་བྱས་པ་མ་ཟད། བུ་གསོའི་ཁ་གསབ་སྲིད་ཇུས་བཏོན་པ་དང་བུ་གསོའི་ཞབས་འདེགས་ཞུ་ནུས་མུ་མཐུད་ལེགས་སུ་བཏང་ནས་ཀུན་ཕན་གྱི་ཕྲུ་གུ་ཉར་ས་མང་དུ་དང་། བུ་གསོའི་མ་གནས་སྔར་བས་དམའ་རུ་བཏང་སྟེ་བུ་བཙའི་མཛའ་མཐུན་རྣམ་པའི་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད།

    2025ལོའི་ཟླ་བ་བདུན་པར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《བུ་གསོའི་ཁ་གསབ་ལམ་ལུགས་ལག་བསྟར་ཇུས་གཞི》བཀྲམ་པའི་ནང་། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་ནས་བཙས་པའི་ལོ་3མན་གྱི་ཕྲུ་གུ་དམར་འབྱར་ལ་ཕྲུ་གུ་རེར་ལོ་རེར་ཁ་གསབ་སྒོར་3600སྤྲོད་རྒྱུ་དང་། ཁ་གསབ་དེའང་ཕྲུ་གུ་ལོ་གསུམ་ལ་མ་སླེབས་བར་སྤྲོད་རྒྱུ་ཡིན་པ་བསྟན་ཡོད། 2025ལོའི་ཟླ་བ་བརྒྱད་པ་ནས་བཟུང་། ས་གནས་ཁག་ཏུ་བུ་གསོའི་ཁ་གསབ་དངུལ་རིམ་པས་རེ་ཞུ་བྱེད་ཆོག་པ་དང་། 2025ལོའི་ལོ་མཇུག་བར། ཞིང་ཆེན་31གིས་ཕྲུ་གུ་ཁྲི་2400ལྷག་ཙམ་ལ་བུ་གསོའི་ཁ་གསབ་དངུལ་སྤྲད་ཟིན་པ་དང་། ད་ལོའི་ཟླ་དང་པོའི་ཚེས་5ཉིན། 2026ལོའི་བུ་གསོའི་ཁ་གསབ་དངུལ་ཁྱོན་ཡོངས་ནས་རེ་ཞུ་བྱེད་ཆོག་གི་ཡོད།

    བུ་བཅོལ་གྱི་ཞབས་འདེགས་ཞུ་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། མིག་སྔར། རྒྱལ་ཡོངས་སུ་བུ་བཅོལ་ཞབས་ཞུའི་སྒྲིག་གཞི་ཁྲི་12.6ཡོད་པ་དང་། ཕྲུ་གུ་ཉར་ས་ཁྲི་665.7ཟིན་པ། མི་ཆིག་སྟོང་རེར་ཕྲུ་གུ་ཉར་ས་4.73ཡོད་པ་རེད། ས་གནས་དང་གྲོང་ཁྱེར་རིམ་པའི་བུ་བཅོལ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་254ཟིན་པ་དང་། ས་གནས་དང་གྲོང་ཁྱེར་རིམ་པར་ཁྱབ་ཚད་61%ཟིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་ཀྱི་བུ་བཅོལ་ཞབས་ཞུའི་སྒྲིག་གཞིའི་བསྡོམས་འབོར་ཁྲི་6.6མང་དུ་ཕྱིན་ནས་འཕར་ཚད་110%ཟིན་པ་དང་། ཕྲུ་གུ་ཉར་ས་བསྡོམས་འབོར་ཁྲི་379མང་དུ་ཕྱིན་ནས་འཕར་ཚད་132%ཟིན་ཡོད་པ་རེད།

    བུ་བཅོལ་ཞབས་ཞུའི་རིན་གོང་རྒྱུན་མཐུད་ཆག་པ། 2025ལོར་ཀུན་ཕན་རང་བཞིན་གྱི་ཕྲུ་གུ་ཉར་ས་ཁྲི་89གསར་དུ་བསྣན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་སུ་ཁྱོན་ཞིང་ཆེན་9ཡིས་བུ་བཅོལ་ཞབས་ཞུའི་ཁ་གསབ་ལམ་ལུགས་བཏོན་པ་དང་། རྫོང(གྲོང་ཁྱེར་དང་། ཆུས། ཆི)1315ཡིས་བུ་བཅོལ་གྱི་འཛུགས་སྐྲུན་ཁ་གསབ་དང་། གཉེར་སྐྱོང་ཁ་གསབ་དང་། ཁྱིམ་ཚང་གི་འཛད་སྤྱོད་འཛིན་ཤོག་སོགས་ཀྱི་རྒྱབ་སྐྱོར་བྱེད་ཐབས་བཏོན་པས། རྒྱལ་ཡོངས་སུ་ཉིན་གང་བུ་བཅོལ་གྱི་ཆ་སྙོམས་རིན་གོང་ཆག་ཚད་29%ཟིན་ཡོད།

    བུ་བཅོལ་ཞབས་ཞུའི་སྤུས་ཚད་མཐོ་རུ་ནུས་ལྡན་ཕྱིན་པ། 2025ལོར། རྒྱལ་ཡོངས་ཀྱི་བུ་བཅོལ་ཞབས་ཞུའི་སྒྲིག་གཞི་ཁྲི་8ཀྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་གན་རྒྱ་བཞག་ནས་ཆེད་ལས་ཀྱི་འཕྲོད་བསྟེན་བདེ་ཐང་གི་མཛུབ་ཁྲིད་དང་ལེན་བྱས་ཏེ། མངགས་བཅོལ་བྱས་པའི་ཕྲུ་གུ་དམར་འབྱར་ལ་བདེ་ཐང་འཚར་ལོངས་ཀྱི་ཡིག་ཚགས་བཟོས་པ་དང་། གཟུགས་པོ་བརྟག་དཔྱད་དང་འཚར་ལོངས་ལ་ལྟ་ཞིབ་སོགས་ཀྱི་ཞབས་ཞུ་བསྒྲུབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།