ཀྲུང་གོའི་ཁེ་ལས་ཀྱིས་མོ་ཞི་ཁོ་གྲོང་ཁྱེར་གྱི་ས་འོག་ལྕགས་ལམ་གྱི་ལམ་ཐིག་དང་པོའི་གསར་བརྗེས་རིམ་སྤོར་ལ་རོགས་རམ་བྱས་པ།
“མོ་ཞི་ཁོ་གྲོང་ཁྱེར་གྱི་འགྲིམ་འགྲུལ་དེང་རབས་ཅན་གྱི་མཚོན་རྟགས་ཤིག”
ཞོགས་པའི་ཉི་ཟེར་མོ་ཞི་ཁོ་གྲོང་ཁྱེར་གྱི་གནམ་དཔྱད་སྟེགས་བུའི་ས་འོག་ལྕགས་ལམ་ས་ཚིགས་ཀྱི་རྩེ་མོར་འཕྲོ་བཞིན་མཆིས། འགྲུལ་བཞུད་ཆེ་བའི་དུས་སུ་འཁེལ་བས། གྲོང་མི་ཁཱ་ལུའོ་སི·ཅཱ་ཤིས་ཡ་ཡིས་ས་འོག་ལྕགས་ལམ་གྱི་མེ་འཁོར་བསྒུགས་ནས་བསྡད་ཡོད། ཁོང་མོ་ཞི་ཁོ་གྲོང་ཁྱེར་གྱི་ཤར་རྒྱུད་དུ་སྡོད་ཅིང་། རྒྱུན་དུ་ལས་ཀར་འགྲོ་བ་དང་ལས་ཐག་གཅོད་སྐབས་ས་འོག་ལྕགས་ལམ་གྱི་ལམ་ཐིག་དང་པོ་བསྡད་ནས་འགྲོ་གི་ཡོད། ཅཱ་ཤིས་ཡ་ཡིས“སྡོད་ས་ཐག་རིང་བར་བརྟེན་ཞོགས་པ་ཆུ་ཚོད་ལྔ་པར་ཁྱིམ་ནས་ཐོན་གྱི་ཡོད། ད་ལྟ་མེ་འཁོར་མང་དུ་བཏང་བས། སྔ་པོ་དེ་འདྲ་འགྲོ་དགོས་མིན་འདུག་ལ། འཁོར་སྒྲོམ་ནང་སྔོན་མ་ནང་ལྟར་འཚང་ཁ་མིན་འདུག”ཅེས་བཤད།
ཉིན་ཤས་གོང་། ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་འཕྲུལ་འཁོར་ཚད་ཡོད་ཀུང་སིས་བསྐྲུན་པའི་མོ་ཞི་ཁོ་གྲོང་ཁྱེར་གྱི་ས་འོག་ལྕགས་ལམ་ལམ་ཐིག་དང་པོའི་སྤྱི་ཡོངས་ཀྱི་དེང་རབས་ཅན་གྱི་སྒྱུར་བཀོད་རྣམ་གྲངས་ཧུའུ་ཨན་ཁཱ་ཐེ་ལན་ས་ཚིགས་ནས་གནམ་དཔྱད་ཁང་གི་ས་ཚིགས་བར་གྱི་དུམ་བུ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། དུམ་བུ་དེར་ཁྱོན་འབབ་ཚུགས་20ཡོད་པ་དེ་ཐོག་ནས་དུས་རབས་ཕྱེད་ཀ་ཙམ་གྱི་ལོ་རྒྱུས་ལྡན་པའི་ས་འོག་ལྕགས་ལམ་རྙིང་པ་སྒྱུར་བཀོད་གསར་བརྗེས་བྱུང་བ་མཚོན་ཡོད།
“འདི་ནི་ས་འོག་ལྕགས་ལམ་གསར་པ་ཞིག་བསྐྲུན་ཙམ་མ་ཟད། མོ་ཞི་ཁོ་གྲོང་ཁྱེར་གྱི་འགྲིམ་འགྲུལ་དེང་རབས་ཅན་གྱི་མཚོན་རྟགས་ཤིག་ཀྱང་ཡིན” མོ་ཞི་ཁོ་གྲོང་ཁྱེར་གྱི་གྲོང་སྤྱི་ཁེ་ལཱ་ལཱ·པུའུ་ལུའུ་ཅཱ་ཏ་ཡིས། ས་འོག་ལྕགས་ལམ་གྱི་ལམ་ཐིག་དང་པོར་ཀྲུང་གོ་ཀྲུང་ཁྲེ་ཀུང་སིས་ཞིབ་བཟོ་བྱས་པའི་དེང་རབས་ཅན་གྱི་མེ་འཁོར་29བཀོད་སྒྲིག་བྱས་ཡོད་པ་དང་། འཁོར་སྒྲོམ་གུ་ཡངས་པ་དང་། འཛེར་སྒྲ་ཆུང་བ། ནུས་རྒྱུ་གྲོན་ཆུང་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། མེ་འཁོར་ནང་འགྲུལ་པ་2200ལྷག་ཙམ་ཤོང་ཐུབ་པ་དང་སྐྱོད་སྐབས་བརྟན་ལ་ཕན་ཆེ་ཡོད་ཅེས་བརྗོད། “དེ་སྔ་ང་ཉིན་ལྟར་སྤྱི་སྤྱོད་རླངས་འཁོར་བསྡད་ནས་ལས་ཀར་འགྲོ་ཡི་ཡོད། ས་འོག་ལྕགས་ལམ་གྱི་ལམ་ཐིག་དང་པོ་ཤར་གཏོང་ཐུབ་རྗེས་ང་ཉིན་ལྟར་ས་འོག་ལྕགས་ལམ་ལ་བསྡད་ནས་ལས་ཀར་འགྲོ་ཡི་ཡོད་པས་སྐར་མ་བཅོ་ལྔ་ལས་འགོར་གྱི་མིན་འདུག”ཅེས་གྲོང་མི་སར་ཝ་ཏའོ·ཁཱ་སི་ཏི་ལུའེ་ཡིས་གསར་འགོད་པར་བརྗོད།
མོ་ཞི་ཁོ་ཕྱོགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ས་འོག་ལྕགས་ལམ་གྱི་ལམ་ཐིག་དང་པོ་ཤར་གཏོང་ཐུབ་རྗེས་གྲོང་མི་འགྲོ་སྐྱོད་ཀྱི་དུས་ཚོད་ཐུང་དུ་ཕྱིན་པ་དང་། ཉིན་རེར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་ལ། དེ་བས་བརྟན་པོ་དང་། ནུས་ཆེ། རིག་ནུས་བཅས་ཀྱི་མེ་འཁོར་ལས་གྲོང་མི་ཚོས་དེང་རབས་ཅན་གྱི་ལྕགས་ལམ་འགྲིམ་འགྲུལ་ལས་བྱུང་བའི་སྟབས་བདེ་ཚོར་ཐུབ་ཡོད།
མོ་ཞི་ཁོ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་ཏའོ་ཅང་གིས། མོ་ཞི་ཁོ་གྲོང་ཁྱེར་གྱི་ས་འོག་ལྕགས་ལམ་གྱི་ལམ་ཐིག་དང་པོའི་སྒྱུར་བཀོད་རྣམ་གྲངས་བདེ་བླག་ངང་ལེགས་གྲུབ་བྱུང་བ་དེ་ནི་ཀྲུང་གོ་དང་མོ་ཞི་ཁོའི་དངོས་གཉེར་མཉམ་ལས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཤིག་ཡིན་པ་དེ་ལས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་དང་མོ་ཞི་ཁོ་ཡི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ལས་བྱུང་བ་མངོན་ཡོད་ལ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་མཉམ་ལས་ཀྱི་ལག་ལེན་གལ་ཆེན་ཞིག་ཀྱང་རེད། “རྣམ་གྲངས་འདི་འགོ་འཛུགས་ས་གསར་པར་བྱས་ཏེ་ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ལྗང་མདོག་འགྲིམ་འགྲུལ། ནུས་རྒྱུ་གཙང་མ་སོགས་མངའ་ཁོངས་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་ཏེ་ཀྲུང་གོ་དང་མོ་ཞི་ཁོ་ཡི་དཔལ་འབྱོར་ཚོང་དོན་འབྲེལ་བ་གཏིང་ཟབ་ཏན་ཏིག་དང་སླར་ཡང་སྐས་རིམ་གསར་པར་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།