དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-12

    ནོར་སྲིད་དང་དངུལ་རྩ་མཐུན་སྦྱོར་བྱས་ནས་ནང་མཁོར་སྐུལ་འདེད་གཏོང་བའི་སྲིད་ཇུས་ཁག་གཅིག་བཀོད་སྒྲིག་ལག་བསྟར་དང་རྒྱུན་སྡོད་ས་གནས་ལ་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་པའི་འབྲེལ་ཡོད་ལས་དོན་ཞིབ་འཇུག་དང་ཁྱབ་གདལ་བཏང་བ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ནོར་སྲིད་དང་དངུལ་རྩ་མཐུན་སྦྱོར་བྱས་ཏེ། ནང་མཁོར་སྐུལ་འདེད་གཏོང་བའི་སྲིད་ཇུས་ཁག་གཅིག་བཀོད་སྒྲིག་ལག་བསྟར་དང་རྒྱུན་སྡོད་ས་གནས་ལ་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་པའི་འབྲེལ་ཡོད་ལས་དོན་ཞིབ་འཇུག་དང་ཁྱབ་གདལ་བཏང་བ་མ་ཟད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ནོར་སྲིད་དང་དངུལ་རྩ་མཐུན་སྦྱོར་བྱས་ཏེ། ནང་མཁོར་སྐུལ་འདེད་གཏོང་བའི་སྲིད་ཇུས་ཁག་གཅིག་ལག་བསྟར་བྱེད་པ་ནི་ནུས་ལྡན་ངང་དགོས་མཁོ་རྒྱ་ཆེར་གཏོང་བ་དང་སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། ནོར་སྲིད་སྲིད་ཇུས་དང་དངུལ་རྩའི་སྲིད་ཇུས་དབར་གཞོགས་འདེགས་མཉམ་འགུལ་བྱེད་པར་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་ཀྱི་མ་རྩ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བའི་ཐད་སྤྱོད་རྒྱུར་ཁྲིད་སྟོན་བྱེད་དགོས། གྲོང་མིའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་དམིགས་ནས། ཞབས་ཞུ་ལས་རིགས་གཉེར་སྐྱོང་བྱེད་པོའི་དངུལ་བུན་དང་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་གྱི་སྐྱེད་གསབ་སྲིད་ཇུས་ལག་བསྟར་བྱ་རྒྱུ་ལེཌ་སུ་བཏང་ནས་སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱེད་ཚད་མང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་གྲོང་མིའི་འཛད་སྤྱོད་ནུས་པ་ཆེ་རུ་གཏོང་དགོས། དམངས་ཁྲོད་མ་འཇོག་ལ་རྒྱབ་སྐྱོར་བྱེད་པར་དམིཌ་ནས། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེཌ་ཁེ་ལས་ལ་དངུལ་བུན་སྐྱེད་གསབ་སྲིད་ཇུས་ལག་བསྟར་བྱེད་པ་དང་། དམངས་ཁྲོད་མ་འཇོག་གི་ཆེད་དོན་ཁག་ཐེག་འཆར་གཞི་བཟོ་བ། དམངས་གཉེར་ཁེ་ལས་ཀྱིས་བུན་འཛིན་ཉེན་ཁ་འགན་མཉམ་འཁུར་དང་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་འཛུགས་པ། སྒྲིག་ཆས་གསར་བརྗེས་དངུལ་བུན་གྱི་ནོར་སྲིད་སྐྱེད་གསབ་སྲིད་ཇུས་ལག་བསྟར་བྱེད་ལེགས་སུ་གཏོང་བ་བཅས་བྱས་ནས། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཚད་གཞི་དང་མ་གནས་སྔར་བས་དམའ་རུ་གཏོང་དགོས། སྟབས་བདེ་ཅན་གྱི་བྱེད་ཐབས་དེ་བས་མང་བ་སྤྱད་དེ་སྲིད་ཇུས་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། མང་ཚོགས་དང་ཁེ་ལས་ཀྱི་ཐོབ་སྣང་ཆེ་རུ་གཏོང་དགོས། སྲིད་ཇུས་ལག་བསྟར་བྱས་ཚུལ་ལ་རྗེས་སྙེགས་དམ་ཟབ་བྱས་ཏེ། འཁོར་འབྲེལ་ཧྲིལ་པོའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་མ་དངུལ་ཚད་ལྡན་དང་ཕན་ཆེའི་ངང་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། རྒྱུན་སྡོད་ས་གནས་ལ་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཁྱབ་གདལ་གཏོང་བ་དེ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ་དང་མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་འདེགས་སྐྱོར་དེ་བས་ལེགས་པོ་བྱ་རྒྱུར་ཕན་ཐོགས་ཡོད། གཞིས་ཆགས་ཐུབ་མེད་པའི་རྒྱུན་སྡོད་མི་འབོར་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མཉམ་དུ་གནས་སྤོ་བྱས་པའི་བུ་ཕྲུག་གི་སློབ་གསོའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་བོགས་གཏོང་ཁང་པ་འགན་སྲུང་གི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ལས་ཞུགས་བྱ་ཡུལ་དུ་ལས་བཟོའི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་སྡོད་ས་ཁུལ་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། ལས་ཞུགས་ཞབས་ཞུར་ཤུགས་སྣོན་རྒྱག་པ། ཐ་སྐྱོང་རང་བཞིན་གྱི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཁོང་ཚོ་གྲོང་ཁྱེར་དུ་མཉམ་འདྲེས་གང་ལེགས་ཐུབ་པར་བྱེད་དགོས། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པ་དང་ཡུལ་བབ་དང་བསྟུན་པའི་སྒོ་ནས་བྱེད་ཐབས་ཁག་ལ་སྐུལ་འདེད་གཏོང་བ་དང་། སྤྱི་པའི་ཞབས་ཞུ་མི་དང་འཚམ་པའི་སྲིད་ཇུས་ཀྱི་འདེགས་སྐྱོར་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་མ་ལག་འཛུགས་པ། རྒྱུན་སྡོད་མི་འབོར་ལ་གཞིགས་ནས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་བཀོད་སྒྲིག་བྱེད་པ། ཞབས་ཞུའི་ལས་དོན་མཐུན་སྦྱོར་ངང་བསྒྲུབ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕྱོགས་མིས་གཞི་རྩའི་སྤྱི་པའི་ཞབས་ཞུ་བསྟུད་མར་ལོངས་སུ་སྤྱོད་རྒྱུར་ཕན་འདོགས་པའི་མཉམ་སྐྲུན་མཉམ་སྤྱོད་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་ནས་རྒྱལ་ཁབ་ཀྱི་སྤྱི་གླིང་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་མཐུན་སྦྱོར་སྦྲེལ་མཐུད་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་པོས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། སྲུང་སྐྱོང་དང་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། རང་བྱུང་སྐྱེ་ཁམས་མ་ལག་གི་ཁྱད་ཆོས་དང་ནང་གནས་ཆོས་ཉིད་ལ་གཞིགས་ནས་རང་བྱུང་སྲུང་སྐྱོང་ཁུལ་དུ་སྤྱི་ཡོངས་སྲུང་སྐྱོང་དང་། བརྒྱུད་རིམ་ལྡན་པའི་ངང་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ལག་བསྟར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ཕྱོགས་མང་ཞུགས་པ། སྤྱི་ཚོགས་ཀྱིས་མཉམ་སྤྱོད་བཅས་ཀྱི་ལམ་སྲོལ་བཙུགས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་གཅིག་གྱུར་ཡོང་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།