དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་ཟླ་12པར་གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས་དུས་མཚུངས་ལས་0.8%འཕར་བ།

    2023ལོའི་ཟླ་3པ་ཚུན་གྱི་མཐོ་ཤོས་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-12

    གསར་འགོད་པས་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2025ལོའི་ཟླ་12པར། ནང་མཁོ་རྒྱ་ཆེར་བཏང་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ལ་མུ་མཐུད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། གནམ་ལོ་གསར་ཚེས་འཆར་བ་དང་བསྟུན་ནས་གྲོང་མིའི་འཛད་སྤྱོད་དགོས་མཁོ་ཆེ་རུ་ཕྱིན་ཏེ་གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས(CPI)ཟླ་བ་གོང་མ་ལས་0.2%འཕར་བ་དེ་དུས་མཚུངས་ལས་0.8%འཕར་བ་དང་། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་འཐེན་ཚེ་ལྟེ་བའི་CPIདུས་མཚུངས་ལས་1.2%འཕར་ཡོད། རྒྱལ་སྤྱིའི་ཚོང་ཟོག་ཆེ་གྲས་ཀྱི་རིན་གོང་བརྒྱུད་ཁྲིད་སྐུལ་ཁྲིད་དང་དེ་བཞིན་རྒྱལ་ནང་གི་གཙོ་གནད་ལས་རིགས་ཀྱི་ཐོན་ནུས་བཅོས་སྐྱོང་གི་འབྲེལ་ཡོད་སྲིད་ཇུས་ལ་མུ་མཐུད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་སོགས་རྒྱུ་རྐྱེན་དག་གི་ཤུགས་རྐྱེན་འོག བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང་སྟོན་གྲངས(PPI)ཟླ་བ་གོང་མ་ལས་0.2%འཕར་བ་དེ་དུས་མཚུངས་ལས་1.9%ཆག་ཡོད་པ་རེད།

    CPIདུས་མཚུངས་ལས་0.8%འཕར་བ་དང་འཕར་ཚད་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.1མཐོ་རུ་ཕྱིན་ནས་2023ལོའི་ཟླ་3པ་ཚུན་གྱི་མཐོ་ཤོས་སུ་འཕར་ཡོད། དུས་མཚུངས་ལས་འཕར་ཚད་ཆེ་རུ་ཕྱིན་པ་གཙོ་བོ་ནི་བཟའ་བཅའི་རིན་གོང་འཕར་ཚད་ཆེ་རུ་ཕྱིན་པ་དེ་རེད། བཟའ་བཅའི་རིན་གོང་1.1%འཕར་བ་དང་འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.9ཆེ་རུ་ཕྱིན་པ་དང་CPIདུས་མཚུངས་ལས་འཕར་བར་ཤུགས་རྐྱེན་ཐེབས་ནས་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.17ཙམ་འཕར་ཡོད་པ་རེད། ནུས་རྒྱུའི་རིན་གོང་3.8%ཆག་པ་དང་ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.4མཐོ་རུ་ཕྱིན་ཡོད། ལྟེ་བའི་CPIདུས་མཚུངས་ལས་འཕར་ཚད་ཟླ་བ་བཞི་བསྟུད་མར་1%ཡན་རྒྱུན་འཁྱོངས་ཐུབ་ཡོད།

    CPIཟླ་བསྡུར་བྱས་ན་ཟླ་བ་གོང་མར་0.1%ཆག་པ་ནས་0.2%འཕར་བར་བསྒྱུར་ཡོད། ཟླ་གོང་མ་དང་བསྡུར་ན་འཕར་བ་དེ་གཙོ་བོ་ནུས་རྒྱུ་ཕུད་པའི་བཟོ་ལས་འཛད་ཟོག་གི་རིན་གོང་འཕར་བའི་ཤུགས་རྐྱེན་ཐེབས་ཡོད། ནུས་རྒྱུའི་བཟོ་ལས་འཛད་ཟོག་གི་རིན་གོང་0.6%འཕར་བ་དེ་འཐེན་ཚེ་CPIཟླ་བསྡུར་བྱས་ན་བརྒྱ་ཆའི་གྲངས་0.16ཙམ་འཕར་རྒྱུར་ཤུགས་རྐྱེན་ཐེབས་ཡོད། དེའི་ནང་འཛད་སྤྱོད་ཆེར་སྤེལ་སྲིད་ཇུས་ཀྱི་ཕན་འབྲས་མུ་མཐུད་དུ་མངོན་པ་དང་གནམ་ལོ་གསར་ཚེས་འཆར་བ་དང་བསྟུན་ནས་གྲོང་མིའི་ཉོ་སྒྲུབ་རོལ་རྩེད་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པ་དང་། འཕྲིན་གཏོང་ཡོ་བྱད་དང་། མ་བུའི་མཁོ་ཆས། རིག་གནས་རོལ་རྩེད་ཀྱི་སྤྱོད་ཤན་ཆེ་བའི་འཛད་སྤྱོད་དངོས་རྫས། ཁྱིམ་སྤྱོད་ཡོ་བྱད་བཅས་ཀྱི་རིན་གོང་ཚང་མ་འཕར་ནས་འཕར་ཚད་1.4%ནས་3.0%ནང་ཚུན་ཡིན་པ་རེད།

    PPIཟླ་བསྡུར་བྱས་ན་0.2%འཕར་བ་དང་ཟླ་བ་གསུམ་བསྟུད་མར་འཕར་ནས་འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.1ཆེ་རུ་ཕྱིན་ཡོད། མཁོ་སྤྲོད་གྲུབ་ཆ་ལེགས་སུ་ཕྱིན་པ་དེས་ལས་རིགས་ཁག་གཅིག་གི་རིན་གོང་འཕར་བར་སྐུལ་ཁྲིད་ཐུབ་ཡོད། གཙོ་གནད་ལས་རིགས་ཀྱི་ཐོན་ནུས་བཅོས་སྐྱོང་དང་ཁྲོམ་རའི་འགྲན་རྩོད་སྒྲིག་ལམ་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། རྡོ་སོལ་སྔོག་འདོན་དང་འཁྲུད་འདེམས་ལས་རིགས། རྡོ་སོལ་ལས་སྣོན་བཅས་ཀྱི་རིན་གོང་ཟླ་བསྡུར་བྱས་ན་1.3%དང་0.8%སོ་སོར་འཕར་ནས་ཟླ་བ་ལྔ་བསྟུད་མར་འཕར་ཡོད། ལིས་གྱེས་རྡུལ་གློག་རྫས་བཟོ་སྐྲུན་གྱི་རིན་གོང་1.0%འཕར་བ་དང་ཨར་འདམ་བཟོ་སྐྲུན་གྱི་རིན་གོང་0.5%འཕར་ནས་ཟླ་བ་གསུམ་བསྟུད་མར་འཕར་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་ཧྲིལ་པོ་བཟོ་སྐྲུན་བྱེད་པའི་རིན་གོང་ཟླ་བ་གོང་མར་0.2%ཆག་པ་ནས་0.1%འཕར་བར་བསྒྱུར་ཡོད།

    PPIདུས་མཚུངས་ལས་1.9%ཆག་པ་དང་ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.3ཆུང་དུ་ཕྱིན་ཡོད། གཞི་ཆེའི་སྲིད་ཇུས་ཁག་ལ་མུ་མཐུད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་ལས་རིགས་ཁག་གཅིག་གི་རིན་གོང་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ཁྲོམ་རའི་འགྲན་རྩོད་སྒྲིག་ལམ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་རྡོ་སོལ་སྔོག་འདོན་དང་འཁྲུད་འདེམས་ལས་རིགས་དང་། ལིས་གྱེས་རྡུལ་གློག་རྫས་བཟོ་སྐྲུན། འོད་ཤུགས་སྒྲིག་ཆས། ལྷུ་ལག་བཟོ་སྐྲུན་བཅས་ཀྱི་རིན་གོང་ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་2.9དང་། 1.2 0.4བཅས་སོ་སོར་ཆུང་དུ་ཕྱིན་ནས་ཟླ་བ་5དང་། ཟླ་བ་4 ཟླ་བ་9བཅས་བསྟུད་མར་ཆུང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།