དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཛད་སྤྱོད་ལ་སྐུལ་སྤེལ་དང་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྤྱི་འདོམས་བྱས་ནས་སྟོབས་ཆེན་གྱི་རྒྱལ་ནང་ཁྲོམ་ར་འཛུགས་སྐྱོང་བྱེད་དགོས།

    ཀྲུང་ཚའེ་ཕིང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-12

    སྟོབས་ཆེན་གྱི་རྒྱལ་ནང་ཁྲོམ་ར་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ཇུས་ཀྱི་རྟེན་ས་ཡིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ནང་མཁོ་གཙོ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་བྱས་ནས་སྟོབས་ཆེན་གྱི་རྒྱལ་ནང་ཁྲོམ་ར་འཛུགས་སྐྱོང་བྱེད་དགོས་ཞེས་བཏོན་ཡོད། གོམ་སྟབས་རྗེས་མར། འཛད་སྤྱོད་ལ་སྐུལ་སྤེལ་དང་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྤྱི་འདོམས་དང་། འཛད་སྤྱོད་དང་མ་འཇོག་ཕྱོགས་གཉིས་ཀར་ཤུགས་རྒྱག་པ་དང་མཉམ་འགུལ་མཉམ་སྒྲུབ་རྒྱུན་འཁྱོངས། རྒྱལ་ནང་ཁྲོམ་རའི་དར་རྒྱས་རང་བཞིན་དང་བརྟན་པོའི་རང་བཞིན་མཉམ་ཤུགས་གཅིག་སྒྲིལ་གྱིས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ནང་མཁོས་གཙོ་ཁྲིད་དང་། འཛད་སྤྱོད་ཀྱིས་སྐུལ་ཁྲིད། ནང་སྐྱེས་འཕར་སྣོན་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་དེ་བས་མང་བ་གང་མགྱོགས་ཆགས་པར་བྱེད་དགོས།

    འཛད་སྤྱོད་དང་མ་འཇོག་ལ་སྤྱི་འདོམས་བྱེད་པ་ནི་སྟོབས་ཆེན་གྱི་རྒྱལ་ནང་ཁྲོམ་ར་འཛུགས་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། འཛད་སྤྱོད་དང་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་ནི་ཆ་ཚང་བའི་ནང་མཁོའི་མ་ལག་གི་གྲུབ་ཆ་ཞིག་རེད་ལ། མཉམ་དུ་འཚོ་ཞིང་ཕན་ཚུན་སྐུལ་འདེད་གཏོང་རེས་ཀྱི་གོང་བུ་གཅིག་སྒྲིལ་ཞིག་ཀྱང་རེད། མ་འཇོག་དང་འཛད་སྤྱོད་ནི་མཉམ་གནས་མ་ཐུབ་པ་དང་ཕན་ཚུན་ཚབ་བྱེད་པའི་འབྲེལ་བ་ཞིག་མིན་པར་ཕན་ཚུན་སྐུལ་འདེད་གཏོང་བའི་འཁོར་རྒྱུག་བཟང་པོ་ཞིག་རེད། དཔལ་འབྱོར་འཁོར་སྐྱོད་ཀྱི་གཏན་ཚིགས་ནས་བལྟས་ན། འཛད་སྤྱོད་ནི་མཐའ་མའི་དགོས་མཁོ་ཡིན་པ་དང་མ་འཇོག་ནི་སྐབས་དེའི་དགོས་མཁོ་དང་མ་འོངས་པའི་མཁོ་སྤྲོད་ཡིན། གྲོང་མིའི་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་བར་ངེས་པར་དུ་ནུས་ལྡན་མ་འཇོག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་དང་། མ་འཇོག་གིས་ཀྱང་ལས་ཞུགས་དང་གླ་ཆ་འཕར་བར་སྐུལ་ཁྲིད་བྱས་ཏེ་གྲོང་མིའི་འཛད་སྤྱོད་ནུས་པ་དང་རེ་འདོད་གོང་མཐོར་གཏོང་ཐུབ། རང་རྒྱལ་འཕེལ་རྒྱས་ཀྱི་ལག་ལེན་ནས་བལྟས་ན། བཟོ་ལས་ཅན་དང་གྲོང་ཁྱེར་གྲོང་རྡལ་ཅན་ལ་སྐུལ་འདེད་མྱུར་པོ་གཏོང་བའི་དུས་མཚམས་སུ། ཐོན་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དགོས་མཁོ་ཧ་ཅང་ཆེ་བ་དང་། མ་འཇོག་གིས་དཔལ་འབྱོར་འཕར་སྣོན་ཡོང་བར་ནུས་པ་གལ་ཆེན་ཐོན་ཡོད། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་འགྲོ་བ་དང་གྲོང་མིའི་ཡོང་འབབ་རིམ་བཞིན་མཐོ་རུ་འགྲོ་བ་དང་བསྟུན་ནས། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གཏིང་ཤུགས་དང་དར་སྤེལ་ཆེ་ཤོས་ལྡན་པའི་འཛད་སྤྱོད་ཁྲོམ་ར་ཞིག་ཏུ་གྲུབ་ནས་འཛད་སྤྱོད་དེ་རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་པའི་གཙོ་ཁྲིད་སྟོབས་ཤུགས་ཤིག་ཏུ་འགྱུར་བཞིན་ཡོད། མ་འོངས་པར་རྒྱང་ལྟ་བྱས་ན། ཕྱི་རོལ་ཁོར་ཡུག་གི་གཏན་འཁེལ་མེད་པའི་མདུན་དུ། རང་རྒྱལ་གྱི་དཔལ་འབྱོར་འཕར་སྣོན་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་རྒྱུན་འཁྱོངས་བྱེད་པར། ངེས་པར་དུ་མ་འཇོག་དང་འཛད་སྤྱོད་དབར་གྱི་འབྲེལ་བ་ཐག་གཅོད་དེ་བས་ཡག་པོ་བྱས་ཏེ་སྟོབས་ཆེན་གྱི་རྒྱལ་ནང་ཁྲོམ་ར་འཛུགས་སྐྱོང་བྱས་ན། གཞི་ནས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་ཐུབ་པ་དང་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་གདིང་ཤུགས་ཆེ་རུ་གཏོང་ཐུབ།

    འཛད་སྤྱོད་དང་མ་འཇོག་ལ་སྤྱི་འདོམས་བྱེད་པར། དགོས་མཁོ་གསར་པར་བརྟེན་ནས་མཁོ་སྤྲོད་གསར་པར་སྣེ་ཁྲིད་བྱས་ཏེ། འཛད་སྤྱོད་དང་མ་འཇོག་མཉམ་འགུལ་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། གྲོང་མིའི་འཛད་སྤྱོད་དེ་ཞབས་ཞུ་ཅན་དང་སྤུས་དག་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མི་ལ་མ་འཇོག་དེ་བས་མང་བ་བྱེད་པ་དང་། དམངས་འཚོའི་དགོས་མཁོ་དང་དེ་བས་ཉེ་བཅར་བྱེད་པ། སྨན་བཅོས་སོགས་དམངས་འཚོའི་རིགས་ཀྱི་མ་འཇོག་བསྡུར་ཚད་མཐོ་རུ་གཏོང་བ། རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་དང་། སྤྲོ་སྣང་གི་འཛད་སྤྱོད། ལྗང་མདོག་གི་འཛད་སྤྱོད་སོགས་ཞབས་ཞུའི་ཁྱབ་ཁོངས་སུ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འཛད་སྤྱོད་ལས་རྣམ་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། མི་འབོར་གྲུབ་ཆའི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ། རྒན་གསོ་བུ་བཅོལ་སོགས་འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས་རྒན་འཕྲོད་བྱིས་འཕྲོད་ཀྱི་ཐོན་རྫས་ཞབས་ཞུ་དེ་བས་མང་བ་མཁོ་འདོན་བྱེད་པ་དང“རྒན་གཅིག་གཞོན་གཅིག”སོཌ་ཚོགས་སྤྱིའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས། གྲོང་ཁྱེར་གྲོང་རྡལ་ཅན་གྱི་འཕེལ་རྒྱས་དུས་མཚམས་ཀྱི་འགྱུར་ལྡོག་ཁོང་དུ་ཆུད་པར་བྱས་ཏེ། གཞིས་ཆཌ་མེད་པའི་རྒྱུན་སྡོད་མི་འབོར་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་པར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་པོས་གྲོང་ཁྱེར་གསར་སྒྱུར་བྱེད་པ། རྒྱུན་མཐུད་ཆོག་པའི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་བྱེད་སྟངས་འཛུགས་པ་བཅས་བྱས་ཏེ། མང་ཚོགས་ཀྱི་དགོས་ངེས་སྡོད་ཁང་དང་ལེགས་བཅོས་སྡོད་ཁང་གི་དགོས་མཁོ་དེ་བས་ལེགས་པ་སྐོང་དགོས། རྒྱལ་འཛུལ་འཛད་སྤྱོད་མགྱོགས་འཕར་གྱི་འཕེལ་ཕྱོགས་ལ་ཤུགས་སྣོན་བརྒྱབ་སྟེ“ཀྲུང་གོ་ནས་ཉོ་བའི”སྤུས་རྟགས་གཏོད་པ་དང་། རྒྱལ་འཛུལ་འཛད་སྤྱོད་ཀྱི་ཞབས་ཞུ་དང་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། གཙོ་གནད་མཛེས་ལྗོངས་ཁུལ་དང་། ཚོང་སྐོར། འགྲིམ་འགྲུལ་ས་ཚིཌ་སོགས་ཀྱི་ཕྱི་སྐད་མཚོན་རྟགས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    འཛད་སྤྱོད་དང་མ་འཇོག་ལ་སྤྱི་འདོམས་བྱེད་པར། མཁོ་སྤྲོད་གསར་པར་བརྟེན་ནས་དགོས་མཁོ་གསར་པ་བཏོད་དེ་མ་འཇོག་གིས་འཛད་སྤྱོད་ལ་ཐོན་རྫས་གསར་པ་དང་། ལྗོངས་རྣམ་གསར་པ། བར་མཐོངས་གསར་པ་བཅས་མཁོ་འདོན་བྱེད་པར་་སྐུལ་འདེད་གཏོང་དགོས། མ་འཇོག་ལ་བརྟེན་ནས་འཛད་སྤྱོད་ཐོན་རྫས་གསར་གཏོད་བྱེད་པར་སྣེ་ཁྲིད་བྱེད་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་མགྱོགས་མྱུར་ཚད་བརྒལ་འབྱུང་བཞིན་ཡོད་པས། མཁོ་སྤྲོད་གསར་གཏོད་ལས་དགོས་མཁོ་གསར་པ་རྒྱུན་ཆད་མེད་པར་ཐོན་རྒྱུ་རེད། ཉེ་བའི་ལོ་ཤས་རིང་། ཐོན་ལས་རིག་ནུས་ཅན་དུ་རིམ་སྤོར་ཇེ་མགྱོགས་སུ་འགྲོ་བ་དང་མི་ཐབས་རིག་ནུས་ཀྱིས་ལག་ཐོགས་ཁ་པར་དང་། ཁྱིམ་ཆས། རླངས་འཁོར་སོགས་ཀྱི་ཁྱབ་ཁོངས་སུ་མཐུན་རྐྱེན་ཆེན་པོ་སྦྱར་བས། རིག་ནུས་ཐོན་རྫས་གསར་པ་འཛད་སྤྱོད་ཀྱི་འཕར་གཞི་གསར་པར་འགྱུར་བར་སྐུལ་ཁྲིད་ཐུབ་ཡོད། “མི་ཐབས་རིག་ནུས་དང་འཛད་སྤྱོད་ཟུང་འབྲེལ”ལ་སྐུལ་འདེད་བཏང་སྟེ། ལུས་སྦྱར་རིག་ནུས་སྒྲིག་ཆས་དང་འཕྲུལ་མི་སོགས་ཀྱི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་གསར་སྤེལ་བཀོལ་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། འཕར་ཤུགས་ཆེ་བའི་འཛད་སྤྱོད་ཀྱི་འགྲན་ལམ་གསར་པ་གཏོད་དགོས། མ་འཇོག་ལ་བརྟེན་ནས་འཛད་སྤྱོད་ཀྱི་ལྗོངས་རྣམ་གསར་པ་རྒྱ་སྐྱེད་གཏོང་དགོས། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་། རྣམ་པ་གསར་པ། ལྗོངས་རྣམ་གསར་པ་བཅས་ཀྱི་ཐད་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་། ཚོང་ཟོག་འཛད་སྤྱོད་ཤོང་སྐྱེད་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཚོང་ལས་ཁྲོམ་གཞུང་དང་ཚོང་ལས་ས་ཚིགས་སོགས་ཁྱབ་ཁོངས་ཀྱི་སྒྲིག་བཀོད་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ། སྐུལ་ཁྲིད་བྱེད་རྒྱ་ཆེ་ཞིང་མངོན་གསལ་དོད་པའི་འཛད་སྤྱོད་ལྗོངས་རྣམ་གསར་པ་ཁག་གཅིག་བསྐྲུན་པ་བཅས་བྱས་ཏེ། དེ་བས་སྟབས་བདེ་དང་། སྐྱིད་སྣང་དོད་པ། སྒོ་དབྱེ་བཅས་ཀྱི་འཛད་སྤྱོད་ཁོར་ཡུག་གང་མགྱོགས་ཆགས་པར་བྱེད་དགོས། འཛད་སྤྱོད་ཀྱི་གཏིང་ཤུགས་མངོན་པར་མཐུན་རྐྱེན་སྦྱོར་དགོས། ལུགས་དང་མི་མཐུན་པའི་ཚོད་འཛིན་བྱེད་ཐབས་མེད་པར་བཟོས་ཏེ། རིག་གནས་ཡུལ་སྐོར་དང་། འགྲན་བསྡུར། བཟའ་བཏུང་། ལུས་གསོ་སོགས་ཀྱི་ཞབས་ཞུའི་འཛད་སྤྱོད་ཀྱི་གཏིང་ཤུགས་མངོན་པར་བྱེད་དགོས། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་སློབ་གྲྭ་འབྲིང་ཆུང་གི་དཔྱིད་སྟོན་གུང་གསེང་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་དང་ལས་བཟོའི་ཕོགས་ཡོད་འཚང་གཡོལ་གུང་གསེང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་མིར་སྤྲོ་གསེང་གི་དུས་ཚོད་དེ་བས་མང་བ་གཏོད་དགོས།

    འཛད་སྤྱོད་དང་མ་འཇོག་ལ་སྤྱི་འདོམས་བྱེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ་འཛད་སྤྱོད་དང་མ་འཇོག་བྱེད་རྒྱ་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས། དམངས་འཚོར་ཕན་འདོགས་པའི་སྲིད་ཇུས་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་འཆར་གཞི་བཟོས་ཏེ་ལག་ལེན་བསྟར་བ་དང་། གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་མིའི་འཛད་སྤྱོད་ནུས་པ་དང་སྔོན་དཔག་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་བ་དང་སྦྲགས། འཛད་སྤྱོད་ཆེར་སྤེལ་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། སྲིད་ཇུས་ཀྱིས་མཉམ་དུ་ནུས་པ་འདོན་ཤུགས་ཆེ་རུ་བཏང་སྟེ། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་དང་། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན། ས་གནས་སྲིད་གཞུང་གི་ཆེད་དོན་བུན་ལོར་སོགས་ཀྱི་མ་དངུལ་བེད་སྤྱོད་ཡག་པོ་གཏོང་བ་དང་། “གསར་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱ་ཐབས་ལེགས་སུ་གཏོང་བ། འཛད་སྤྱོད་པ་དང་ཐད་ཀར་འབྲེལ་བའི་ཀུན་ཕན་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། “གལ་ཆེན་གཉིས”ཀྱི་རྣམ་གྲངས་ལག་བསྟར་བྱ་ཐབས་ལེགས་སུ་གཏོང་བ་བཅས་བྱེད་དགོས། མཆན་འགོད་ལྟ་འདོམས་ལམ་ལུགས་སྒྱུར་བཅོས་མགྱོགས་སུ་བཏང་སྟེ། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་། རྣམ་པ་གསར་པ། ལྗོངས་རྣམ་གསར་པ་བཅས་དང་འཚམ་པའི་དོ་དམ་བྱ་ཐབས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མ་འཇོག་དོ་དམ་ལམ་ལུགས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། ལྷག་པར་དུ་ལུགས་དང་མི་མཐུན་པའི་ཞབས་ཞུའི་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོའི་ཞུགས་འཐུས་ཚོད་འཛིན་མེད་པར་བཟོ་བ། རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ནང་དམངས་གཉེར་ཁེ་ལས་ཞུགས་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། དམངས་ཁྲོད་ཀྱི་མ་འཇོག་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱེད་དགོས། གོང་འོག་མཉམ་འབྲེལ་གྱིས་སྲིད་ཇུས་ཀྱི་མཉམ་ཤུགས་ཆགས་པར་བྱས་ཏེ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པར་ཁྲིད་སྟོན་བྱས་ནས། ས་གནས་སྲིད་གཞུང་གི་དཔལ་འབྱོར་སྐུལ་སྤེལ་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། ས་ཁུལ་དབྱེ་བའི་ཞབས་ཞུའི་སིལ་འཚོང་དངུལ་འབོར་གྱི་བསྡོམས་རྩིས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། འཛད་སྤྱོད་དཔྱ་ཁྲལ་རྗེས་སུ་བསྡུ་བ་དང་གོམ་སྟབས་བརྟན་པོའི་ངང་ས་གནས་ལ་གཤམ་སྤྲོད་བྱེད་པའི་སྒྱུར་བཅོས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།