དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “གཡུལ་ས་ཆུང་ཆུང”ལེགས་པར་བསྐྲུན་ནས“དམངས་འཚོ་ཆེན་པོར”ཞབས་འདེགས་ཞུས་པ།

    —— ཆབ་མདོ་གྲོང་ཁྱེར“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ”གྱིས་དམངས་འདུན་སེམས་སྦྲེལ་ཟམ་པ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-12

    2015ལོར། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཁོངས་གཏོགས་ཀྱིས“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ”འཛུགས་གཏོད་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། འཛུགས་གཏོད་ལས་དོན་ལ“གནས་ཡུལ་དང་། བྱང་བུ། སྒྲིག་བཀོད། ལམ་ལུགས། འཆར་གཞི། ཡིག་ཚགས། མི་སྣ། གྲོན་དངུལ”བཅས་ཡོད་པ་བརྒྱད་ཀྱི་ཚད་གཞི་གཞིར་བཟུང་། “ནོར་སྲིད་ཀྱིས་མ་དངུལ་གཏོང་བ་དང་། བོད་སྐྱོར་གྱིས་རོགས་རམ་བྱེད་པ། སྡེ་ཚན་གྱིས་གཏོང་བ”སོགས་ཀྱི་བྱ་ཐབས་བརྒྱུད་མ་དངུལ་སྒོར་ཁྲི་820ལྷག་ཙམ་གྲབས་གསོག་བྱས་ནས་ལོ་གཉིས་ནང“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ”150ཁག་དབྱེ་ནས་བཙུགས་པས། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རྫོང(ཆུས)11གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཤང(གྲོང་རྡལ)138ཀྱི་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པ་བཅས་ལ་ཡོངས་སུ་ཁྱབ་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང(ཆུས) ཤང(གྲོང་རྡལ)བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་7900ལྷག་ཙམ་ཐག་ཉེ་ས་དང་སྟབས་བདེ་སའི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ”ཁག་ཏུ་བཅུག་པ་རེད།

    “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ”གཅིག་རྗེས་གཉིས་མཐུད་དུ་བཙུགས་རྗེས“ཁྱིམ”དེ་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ་ནི་ནུས་པ་འདོན་སྤེལ་གྱི་འགག་རྩར་གྱུར་ཡོད། འཐུས་མིའི་ཁྱིམ་ཚད་ལྡན་ཅན་གྱི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རིམ་ཁག“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ”ལ་“ཟིན་དེབ་བཞི”དང“ལག་དེབ་གསུམ” “ཡིག་ཚགས་གཅིག”བཅས་ཀྱི་དོ་དམ་ཚད་གཞི་གཅིག་གྱུར་བཟོ་རྒྱུའི་མཛུབ་ཁྲིད་བྱས་ཏེ། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ”ཚང་མ་གནས་ཡུལ་གྲོང་ཁྱེར་དང་། རྫོང(ཆུས ) ཤང(གྲོང་རྡལ)བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱིས་ཐད་ཀར་དོ་དམ་བྱེད་དགོས་པ་ཁ་གསལ་བཟོས་པ་དང་། ཚང་མར་སྐོང་བསྡུ་བ་1དང་འབྲེལ་གཏུག་པ་1ནས་2བར་བཀོད་སྒྲིག་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་མི་འབོར་ལ་གཞིགས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བྱེད་སྒོའི་ཚོགས་ཆུང་3ནས་6བར་བཙུགས་ཐོག མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་ནུས་པ་འདོན་པར་ཚད་གཞི་གཏན་འཁེལ་བྱས་ཡོད་ལ། འཐུས་མིའི་ཁྱིམ་ལའང་གསོན་ཤུགས་བསྣན་ཡོད།

    མང་ཚོགས་ལ་སྣེ་ལེན་བྱེད་ཐེངས་ཤིག་ནང་ཁ་རུབ་ཆུས་བདེ་སྐྱིད་ཁུལ་ཆུང་གི་མང་ཚོགས་འཇམ་དབྱངས་དཔའ་མོས་ཁུལ་ཆུང་གི་རྐང་ཐང་ཁྲོམ་གཞུང་དུ་ལས་ཀ་ཚུགས་པ་དང་གྲོལ་བའི་དུས་མཚམས་སུ་རླངས་འཁོར་གང་བྱུང་དུ་འཇོག་པའི་གནད་དོན་ཡོད་སྟབས་ཁུལ་ཆུང་གི་གྲོང་མི་འགྲོ་སྐྱོད་བྱེད་པར་སྟབས་བདེ་པོ་གཏན་ནས་མེད་ལུགས་བཤད་པ་རེད། ཁ་རུབ་ཆུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མར་ཐང་ཁྲོམ་གཞུང་མི་དམངས་འཐུས་ཚོགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཀུའེ་ཏུང་གིས་ཉན་ཞོར་དུ་ཟིན་བྲིས་བརྒྱབ་རྗེས《རེ་འདུན་སྒྲུབ་གཉེར་གསལ་ཐོ》གང་མགྱོགས་བཟོས་ཤིང་། མར་ཐང་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་འབྲེལ་གཏུག་བྱས་པ་དང་། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་དང་གྲོང་ཁྱེར་དོ་དམ་སོགས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་བྱས་ནས་ཐག་གཅོད་བྱེད་ཐབས་གྲོས་མོལ་དང་སྒྲུབ་གཉེར་དུས་ཚད་ཁ་གསལ་བཟོས་ནས་རླངས་འཁོར་འཇོག་ས་གཏན་འཁེལ་དང་། དོ་དམ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་དང་སློབ་གསོ་རྒྱ་ཁྱབ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། བདེ་སྐྱིད་ཁུལ་ཆུང་གི་རླངས་འཁོར་གང་བྱུང་དུ་འཇོག་པའི་སྣང་ཚུལ་མགྱོགས་མྱུར་ལེགས་བཅོས་ཐུབ་ནས་ཁུལ་ཆུང་གི་རྣམ་པ་གསར་རྐྱང་དུ་གྱུར།

    རབ་ཅན་ཤང་ཕུ་ལྷ་གྲོང་ཚོའི་ཏང་ཀྲི་པུའི་ཧྲའུ་ཅི་བཀྲ་ཤིས་ཆོས་འཛོམས་ནི་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པ་དང་། ཁོང་གིས་ཞིང་འབྲོག་པ་བདེ་སྡོད་ལས་བརྩོན་བྱུང་ཚེ་གཞི་ནས་ཁྱིམ་ཚང་དེ་བས་དྲོ་སྐྱིད་ལྡན་པ་ཡོང་ཐུབ་ཅེས་བརྗོད་པ་དང་། གྲོང་མིའི་སྣེ་ཁྲིད་དེ་བོད་བྱ་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་ཆེད། ཁོང་གིས་བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་དང་སྔོན་ལ་ཚོད་ལྟ་བྱས་ཏེ་ཕུ་ལྷ་གྲོང་ཚོའི་ཁྱིམ་ཚང་བྱ་གསོ་མཉམ་ལས་ཁང་བཙུགས་ནས་ཡུལ་བབ་དང་བསྟུན་ཏེ“སྒོ་ང་སྙོལ་བ་དང་། གསོ་སྤེལ། ཕྱིར་ཚོང”བཅས་འཁོར་འབྲེལ་ཧྲིལ་པོའི་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་པ་བསྐྲུན་ནས་ཆ་སྒྲིག་རོགས་སྐྱོར་དང་། ལག་རྩལ་མཛུབ་ཁྲིད། ཐོན་ཚོང་གཞི་གཅིག་སོགས་ཀྱི་བྱ་ཐབས་བརྒྱུད་ཆོས་སྒྲོན་སོགས་གྲོང་མི་32ལ་ཁྱིམ་གྱི་སྒོ་རྩར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་རིང་གྲགས་པས་སྟེང་ཆེན་རྫོང་དུ་འགྲུལ་སྐྱེལ་ཀུང་སི་ཞིག་གཉེར་ཡོད་པས་རྟག་ཏུ་ཕྱིར་འགྲོ་དགོས་ཀྱི་ཡོད། འོན་ཀྱང་དེས་ཁོང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་སྒྲུབ་པར་འགོག་རྐྱེན་ཐེབས་མེད། སྟེང་ཆེན་རྫོང་སྟེང་ཆེན་གྲོང་རྡལ་གྱི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ”དུ་ཚེ་རིང་གྲགས་པའི་འབྲེལ་གཏུག་ཁ་པར་ཨང་གྲངས་ཧ་ཅང་མངོན་གསལ་དོད་པོར་བཞག་ཡོད་པ་དང་། མང་ཚོགས་ལ་དཀའ་ངལ་འཕྲད་ཚེ་ཁོང་ལ་ཁ་པར་བརྒྱབ་ནས་འཚོལ་གྱི་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཏུ་གྱུར་ཚུན། ཁོང་གིས་རྟག་ཏུ་དབུལ་སྐྱོར་དང་། སློབ་སྐྱོར། དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པ་སོགས་སྤྱི་ཚོགས་སྤྱི་ཕན་བྱ་གཞག་ནང་ཞུགས་ཀྱི་ཡོད་ཅིང་རིམ་རྩིས་བརྒྱབ་ན་སྒོར་ཁྲི་ཆིག་སྟོང་ཡན་རི་བའི་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ནས་ཕ་ཡུལ་འཕེལ་རྒྱས་ཆེད་ཐབས་དང་ཇུས་བཏོན་ཡོད།

    གྲངས་གཞི་ལས་མངོན་པར། ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས“ཁྱིམ”དུ་འདེམས་དམངས་མི་ཐེངས་9200ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ལོ་རེར་ཆ་སྙོམས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཁག་600ལྷག་ཙམ་བསྡུ་རུབ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།