ལྗོངས་ཡོངས་ཀྱི་སྤྱི་བདེའི་ཁོངས་གཏོགས་ཀྱིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པར་རྟེན་འབྲེལ་ཞུས་པ།

འདི་ནི་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་སྐབས་མི་དམངས་ཉེན་རྟོག་པས་བྱིས་པ་ཞིག་ལ་བཅའ་ཁྲིམས་ཀྱི་ཤེས་བྱ་ངོ་སྤྲོད་བྱེད་བཞིན་པ།

འདི་ནི་ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་མཐའ་སྲུང་སྐོར་གཡེང་བྱེད་བཞིན་པ།
ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པ་འཆར་བའི་མཚམས་སུ། ལྗོངས་ཡོངས་ཀྱི་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་ཤིང་། དངོས་སྒྲུབ་ལ་བརྟེན་ནས་འགན་འཁྲི་མངོན་པ་དང་། བརྩེ་བ་ཟབ་མོར་བརྟེན་ནས་དམངས་དང་ཉེ་བཅར་བྱེད་པ། ཁྲིམས་སྐྱོང་ལ་བརྟེན་ནས་བདེ་འཇགས་སྲུང་སྐྱོང་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་སྤྱི་བདེའི་དཔུང་ཁག་གི་ལྷག་བསམ་རྣམ་དག་གི་རང་མདངས་དང་འབད་འབུངས་ཡར་བརྩོན་གྱི་རྣམ་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཐོག མི་དམངས་ཉེན་རྟོག་པ་ཡོངས་ལ་འགན་འཁྲི་གསར་པ་འཁུར་བ་དང་། བྱས་རྗེས་གསར་པ་འཇོག་པ། རྣམ་པ་གསར་པ་མངོན་པ་བཅས་བྱ་རྒྱུའི་སྐུལ་ལྕག་བྱས་ཏེ། ཉེན་རྟོག་པ་དང་མི་དམངས་སེམས་པ་གཅིག་མཐུན་གྱི“སེམས་སྦྲེལ་ཟམ་པ”བསྐྲུན་ཡོད།
ཉེན་རྟོག་པའི་དུས་ཆེན་གྱི་སྔ་ནུབ་ཏུ། ཀརྨ་དགོན་གསར་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་དང་དོན་གཅོད་ཁྲུའུ་ཡི་ལས་དོན་པས་ཁོངས་གཏོགས་ཁུལ་གྱི་ཉེན་རྟོག་ཁང་དང་། ཉེན་རྟོག་ལས་སྒྲུབ་ས་ཚིགས། གྲོང་ཤར་དང་གྲོང་ལྷོའི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་བཅས་སུ་བསྐྱོད་ནས་འཐབ་ས་དང་པོའི་ཉེན་རྟོག་པར་འཚམས་འདྲིའི་དངོས་པོ་སྤྲད་པ་རེད། “ཁྱེད་ཚོས་སྔ་ཕྱི་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུས་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་པོར་བསྲུངས་ཡོད”ཅེས་ཀརྨ་དགོན་གསར་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་འགན་འཁུར་བས་ཉེན་རྟོག་པ་ཚོར་དཀར་གཙང་ཁ་བཏགས་གཡོག་བཞིན་དུ་དེ་ལྟར་བཤད། མི་དམངས་ཉེན་རྟོག་པ་ཚོས། མི་དམངས་ཉེན་རྟོག་པས་སླད་ཕྱིན་མུ་མཐུད་སྤྲོ་སེམས་དེ་བས་ཆེན་པོས་འདི་གའི་ཞི་བདེར་སྲུང་སྐྱོང་བྱས་ཏེ“ཉེན་རྟོག་པ་དང་ས་གནས་མཉམ་སྐྲུན”བྱེད་ཟབ་ཏུ་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དེ་གནའ་གྲོང་གི་གང་སར་མཐོང་ཐུབ་པ་བྱེད་ཀྱི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད།
ཚེས་10ཉིན། ལེགས་རྩེ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་སུ་ཉེན་རྟོག་པའི་དར་ཆ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་ཅིང་། ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པར་རྟེན་འབྲེལ་ཞུ་ཆེད། མི་དམངས་ཉེན་རྟོག་པས་སྔོན་ལ་འབྲོང་པ་རྫོང་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་སྐྲ་བདུན་དམིགས་བསལ་ཨུ་ཡོན་ལྷན་ཁང་གི་གནས་རྙིང་དུ་བསྐྱོད་ནས་གསར་བརྗེའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་། དེ་རྗེས་སྔོན་གཤེགས་དཔའ་བོའི་བང་སོར་བསྐྱོད་ནས་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཞུས་པ་རེད། གསར་དུ་ལས་ཀར་ཞུགས་པའི་མི་དམངས་ཉེན་རྟོག་པའི་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་ཆེད། ཉེན་རྟོག་པ་རྒན་གྲས་ཀྱིས་ཁོང་ཚོའི་སྣེ་ཁྲིད་དེ་ཁ་བའི་ཁྲོད་དུ་མཐའ་མཚམས་སྐོར་གཡེང་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མཐའ་མཚམས་སྐོར་གཡེང་གི་བརྒྱུད་རིམ་དང་། དོ་དམ་ཚོད་འཛིན་ཚད་ལྡན། ཐོལ་བྱུང་གནས་ཚུལ་ཐག་གཅོད་བྱེད་སྟངས་བཅས་ལ་འགྲེལ་བཤད་བརྒྱབ་པ་མ་ཟད། ས་མཚམས་འབྱེད་རྟགས་དང་ཉེན་རྟོག་པའི་དར་ཆའི་མདུན་དུ་ཉེན་རྟོག་པར་ཞུགས་པའི་དམ་བཅའ་ཡང་བསྐྱར་དུ་བཞག་པ་རེད། “གསར་བརྗེའི་བླ་སྲོག་གཏོད་པ་དང་དངོས་འཐབ་དམག་སྦྱོང་ཟུང་དུ་འབྲེལ་བའི”རྟེན་འབྲེལ་བྱེད་སྒོ་འདིས་མཐའ་མཚམས་སུ་སྔར་བས་ལྷག་བསམ་མངོན་པར་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཉེན་རྟོག་པར་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་ཁག་ལག་ལེན་ཡག་པོ་བསྟར་ཞིང་། “འགན་སྲུང་རྣམ་པ”ནས“སེམས་དྲོད་རྣམ་པའི”སྲིད་ཇུས་ལག་ལེན་བསྟར་བས། ས་མཐོར་ལས་འགན་སྒྲུབ་པའི་གནོན་ཤུགས་ཆུང་དུ་ཕྱིན་པ་མ་ཟད། མི་དམངས་ཉེན་རྟོག་པ་ཚོས་རྩ་འཛུགས་ཀྱི་ཐུགས་ཁུར་སྔར་བས་ཚོར་ནས་ཉེན་རྟོག་པར་དྲོ་སྐྱིད་སྦྱིན་པའི་བྱེད་ཐབས་དེ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་གྱུར་ཡོད།
ཟླ་1ཚེས་10ཉིན། ཉིང་ཁྲིར་མི་དམངས་ཉེན་རྟོག་པ་ཚོས“ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ལས་སྟེགས”བཙུགས་ཏེ། “ཁྱིམ་མཚེས་དབར་གྱི་རྩོད་གཞི་ཐག་གཅོད་ཇི་ལྟར་བྱེད་པ”ནས“དྲ་རྒྱའི་ཁེ་དབང་སྲུང་སྐྱོང་བྱེད་པར་ཐབས་ལམ་གང་དག་ཡོད་པའི”བར་དང་། དེ་ནས“འགྲིམ་འགྲུལ་ལས་འཛོལ་ཐག་གཅོད་ཡང་དག་ཇི་ལྟར་བྱེད་པ”ནས“དྲ་རྒྱའི་ཁ་བསླུས་འགོག་ཟོན་ཇི་ལྟར་བྱེད་པའི”བར་མང་ཚོགས་ཀྱིས་བཏོན་པའི་བཅའ་ཁྲིམས་ཀྱི་གནད་དོན་མང་པོར་ཉེན་རྟོག་པ་ཚོས་ངང་རྒྱུད་རིང་པོས་རེ་རེ་བཞིན་ལན་བཏབ་པ་རེད།
དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རྣམ་པ་ས་མཐོའི་གང་སར་ཁྱབ་པ་དང་གུས་བཀུར་མཚོན་པའི་སྙིང་གཏམ་གྱིས་མི་སེམས་དྲོ་བར་བྱས་ཡོད། འོན་ཀྱང་བོད་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཚོའི་ངོས་ནས་བརྗོད་ན། ཟླ་1ཚེས་10ཉིན་ནི་ཁོང་ཚོའི་རྒྱུན་གཏན་ལས་ཀའི་ཁྲོད་ཀྱི་སྤྱིར་བཏང་གི་ཉིན་མོ་ཙམ་ཞིག་རེད།
མང་ཚོགས་ཀྱི་སྨོན་འདུན་དང་རེ་སྒུག་གི་མདུན་དུ་ལྗོངས་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཚོས། དུས་ཆེན་གྱི་གཟི་བརྗིད་དང་ཐུགས་ཁུར་དེ་རང་འགན་གཙང་སྒྲུབ་བྱེད་པའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་སུ་བསྒྱུར་བར་བྱས་ཏེ། “ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་སྒྱུར་དྲང་གཞག སྒྲིག་ཁྲིམས་དམ་ནན”བཅས་ཀྱི་དམ་བཅའ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཐོག དད་སེམས་བརྟན་པོ་དང་སྤྲོ་སེམས་དེ་བས་ཆེན་པོས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་། བརྟན་སྲུང་ལ་བརྟེན་ནས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་འགན་འཁྲིར་གསལ་འགྲེལ་བཅས་བྱས་ཏེ། ས་མཐོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་འཇགས་ཡོང་བ་བྱེད་ཀྱི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།