དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གངས་ལྗོངས་ས་མཐོའི་འདུམ་འགྲིག་མན་ངག

    —— བོད་ཀྱི་མི་དམངས་འདུམ་འགྲིག་པས་གཞི་རིམ་བཅོས་སྐྱོང་གི་མ་དཔེ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-12

    “ང་ཚོས་ཆེད་བསྐོས་པ་དང་གཅིག་ལྕོགས་ཟུང་འབྲེལ་དང་། ལེགས་ཆ་གསབ་རེས། ཕན་འབྲས་དངོས་ཐོན་པ་བཅས་ཀྱི་མི་དམངས་འདུམ་འགྲིག་པའི་དཔུང་ཁག་ཅིག་བཙུགས་ཡོད། མིག་སྔའི་བར། བོད་དུ་ཁྱོན་མི་དམངས་འདུམ་འགྲིག་རྩ་འཛུགས་7077དང་ཆེད་བསྐོས་པ་དང་གཅིག་ལྕོགས་ཀྱི་མི་དམངས་འདུམ་འགྲིག་པ་ཁྲི་4.2ལྷག་ཙམ་ཡོད་པར། གྲོང་ཁྱེར་དང་གྲོང་གསེབ་དང་། སྡེ་ཁུལ་དང་གཙོ་གནད་ལས་རིགས་ཁྱབ་ཁོངས་བཅས་ཁྱོན་ཡོངས་ལ་ཁྱབ་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཞུའེ་ཡོན་གྱིས་2025ལོའི་ཟླ་12ཚེས་30ཉིན་འཚོགས་པའི་རང་སྐྱོང་ལྗོངས་ཀྱི་འདུམ་འགྲིག་ལས་དོན་གྱི་གཞི་རྩའི་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པ་རེད།

    དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་གོང་དུ་ཀྲེ་ཅང་ཧྥུང་ཆའོ་ནས་ཐོན་པའི“མང་ཚོགས་ལ་སྐུལ་སློང་དང་རྒྱབ་རྟེན་བཅོལ་བ་དང་འགལ་ཟླ་གོང་ཞུ་མི་བྱེད་པ་མཐའ་འཁྱོངས་ཀྱིས་ས་ཆ་དེ་རང་དུ་ཐག་གཅོད་བྱེད་པའི”ཉམས་མྱོང་དེ་ད་ཆ་ཁྲིམས་སྐྱོང་ཅན་དང་ཁྱད་ལྡན་ཅན་གྱི་ཐོག་ནས་གསར་གཏོད་ལག་ལེན་བསྟར་བས། གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་འབྲས་བུ་སྨིན་པ་དང་འཕེལ་རྒྱས་མྱུར་པོ་བྱུང་ཡོད།

    ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ནས་འདུམ་འགྲིག་ལ་བསྲུང་བྱའི་སྒྲིག་ལམ་ཡོད་པར་བྱས་པ།

    “སྔོན་ཆད་འདུམ་འགྲིག་བྱེད་སྐབས་ངོ་སོར་ལྟ་བ་དང་ད་ཆ་ཁྲིམས་སྲོལ་གཞིར་བཟུང་སྟབས་མང་ཚོགས་དེ་བས་ཡིད་མགུ་པོ་བྱུང་ཡོད” ལོ་མང་རིང་འདུམ་འགྲིག་ལས་ལ་གཞོལ་བའི་རྣམ་བཀྲར་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད།

    གདེང་ཚོད་དེ་ལྟ་བུ་ནི་བོད་ཀྱིས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བའི་ལམ་ལུགས་ཀྱི་མ་ལག་ལས་བྱུང་བ་ཞིག་རེད།

    2023ལོར་བོད་ཀྱི་འདུམ་འགྲིག་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་པོ་སྟེ། 《བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འདུམ་འགྲིག་གི་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་ཏེ། བཅའ་ཁྲིམས་ཀྱི་རིམ་ངོས་ནས་འདུམ་འགྲིག་གི་བརྒྱུད་རིམ་དང་འགན་དབང་གི་དབྱེ་མཚམས་གསལ་པོ་བཟོས་ནས། འདུམ་འགྲིག་ཇི་ལྟར་བྱེད་མིན་དང་འདུམ་འགྲིག་ཡག་པོ་བྱེད་པར་རྩ་བའི་གཞི་འཛིན་ས་བྱུང་ཡོད།

    2025ལོའི་ཟླ་2པར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས“དམངས་དོན་ཀུན་སྒྲུབ་ལས་སྟེགས”བཙུགས་ཤིང་། མང་ཚོགས་ཀྱིས་ལག་ཐོགས་ཁ་པར་ནས་རྩ་གཉིས་ཨང་རྟགས་བཤར་འབེབས་བྱས་རྗེས་སྡོད་གནས་དང་། རེ་འདུན། འབྲེལ་གཏུག་ཨང་གྲངས་སོགས་ཀྱི་ཆ་འཕྲིན་བརྒྱངས་ཚེ། གནད་དོན་མགྱོགས་མྱུར་གོང་ཞུ་ཐུབ་སྟེ། འགལ་ཟླ་དང་རྩོད་གཞི“དྲ་གཅིག་ཀུན་སྒྲུབ”ཐུབ་ཀྱི་ཡོད།

    ཁྲིམས་སྲོལ་གྱིས་རྨང་གཞི་འདིང་བ་ནས་ཁྲིམས་འཛིན་སུའོ་ཡིས་དོན་འཁྱོལ་གནད་སྨིན་བྱེད་པའི་བར་རིམ་པ་བཞིན་སྐུལ་འདེད་གཏོང་བའི་ལག་ལེན་གྱི་གསར་གཏོད་ལས་འདུམ་འགྲིག་ལས་དོན་དེ“གཞན་སྐུལ་གྱིས་ཁ་གཏད་གཅོག་པ”ནས“རང་འགུལ་ངང་ཚད་ལྡན་བཟོ་བའི”བར“དོན་ཆུང་གྲོང་ཚོར་ཐག་གཅོད་ཐུབ་པ་དང་དོན་ཆེན་ཁྲོམ་གཞུང་ནས་ཐག་གཅོད་ཐུབ་པ”དངོས་སུ་མངོན་འགྱུར་བྱུང་བ་རེད།

    མཉམ་འགུལ་གྱིས་མཐུན་རྐྱེན་སྦྱར་ནས་འདུམ་འགྲིག་ལ་ཕན་འབྲས་དངོས་ཐོན་པར་བྱས་པ།

    2024ལོའི་ཟླ་4ཚེས་22ཉིན། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མི་དམངས་ཁྲིམས་ཁང་ཕུ་མ་བྱང་ཐང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་པ་སངས་ཚེ་རིང་ལ་ས་མཚམས་གྲོང་ཚོའི་འབྲོག་པ་བུ་ཆུང་ཚེ་རིང་གི་རེ་ཞུའི་ཁ་པར་ཞིག་འབྱོར་བ་སྟེ། གྲོང་ཚོའི་འབྲོག་པ་17གྱིས་བོད་ཀྱི་བཟོ་སྐྲུན་ཀུང་སི་ཞིག་གིས་སྐྲུན་འགན་འཁུར་བའི་གཞུང་ལམ་ལ་ས་རྡོ་དབོར་རྗེས། ཀུང་སི་དེས་དབོར་འདྲེན་གླ་ཆ་སྒོར་ཁྲི་10ཙམ་འགྱངས་ཆད་བྱས་པ་དང་འབྲོག་པས་ཐེངས་མང་དེད་ཀྱང་རེ་བ་སྟོང་ཟད་དུ་སོང་སྟབས། བུ་ཆུང་ཚེ་རིང་གིས་དེ་གོང་གི་ཁྲིམས་ལུགས་ཁྱབ་གདལ་བས་སྤྲད་པའི“ཤང་གཅིག་ལ་ཁྲིམས་དཔོན་གཅིག”གི་དམངས་ཕན་ཞབས་ཞུའི་གཱ་སྟེང་གི་ཁ་པར་ཨང་གྲངས་ལ་ཁ་པར་བརྒྱབ།

    ཁྲིམས་དཔོན་དང་། མི་དམངས་འདུམ་འགྲིག་པ། ཕྱོགས་གཉིས་པོའི་དོ་བདག་བཅས་ཀྱིས་གྲོས་མོལ་ཡང་ཡང་བྱས་པ་བརྒྱུད། ཉིན་ལྔ་སོང་རྗེས་བུ་ཆུང་ཚེ་རིང་ལ་དངུལ་གཞི་ནས་རག་པ་རེད།

    རྩོད་གཞི་དེ་བདེ་བླག་ངང་བར་འདུམ་བྱས་པ་དེ་ནི་བོད་ཀྱིས“སྣ་མང་མཉམ་འགུལ”གྱི་ལམ་སྲོལ་ལག་ལེན་མཐར་ཕྱིན་བསྟར་བའི་དཔེ་མཚོན་ཞིག་རེད།

    ཕུ་མ་བྱང་ཐང་ཤང་གིས་རྫོང་དེ་ཡོངས་ཀྱི“གཏུག་བཤེར་མེད་པའི་ཤང་གྲོང”གི་དཔེ་མཚོན་ས་ཚིགས་དང་པོ་བཙུགས་ནས་ཁྲིམས་ཁང་དང་། ཤང་ཕྱོགས་བསྡུས་ལྟེ་གནས། མཐའ་མཚམས་མངགས་གཏོང་ཁང་། གྲོང་ཚོ་དྲུག་གི་མི་དམངས་འདུམ་འགྲིག་ཨུ་ལྷན་བཅས་ཀྱིས་འགལ་ཟླ་དང་རྩོད་གཞི་སྔོན་འགོག་དང་སེལ་བའི་མཉམ་འགུལ་ལམ་སྲོལ་བཙུགས་པ་རེད།

    “མི་རྐྱང་རྟ་རྐྱང”ནས“མཐུན་སྒྲིལ་མཉམ་ལས”བྱེད་པའི་བར། ད་ཕན་ལོ་ཤས་རིང་། བོད་ཀྱིས་གཏུག་བཤེར་མིན་པའི་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་སྔོན་ལ་བཞག་ནས་རིགས་ཁག་གི་འདུམ་འགྲིག་འབྲེལ་མཐུད་མཉམ་འགུལ་ལ་སྐུལ་འདེད་བཏང་སྟེ། 《བོད་རང་སྐྱོང་ལྗོངས་ཀྱི་གཏུག་བཤེར་དང་འདུམ་འགྲིག་འབྲེལ་མཐུད་ལས་ཀའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》དང《སྤྱི་བདེ་ལས་ཁུངས་དང་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་འབྲེལ་མཐུད་ལམ་སྲོལ་བཟོ་བ་དང་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་དང་སེལ་བའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》སོགས་ཀྱི་ཡིག་ཆ་མཉམ་འབྲེལ་ཐོག་བཏོན་ནས། ཁྲིམས་ཁང་གི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་དང་། སྤྱི་བདེ་མངགས་གཏོང་སུའོ། ཡིག་འབུལ་ཞུ་བཅར་ཞབས་ཞུའི་ལྟེ་གནས། བཀག་ཉར་ཁང་སོགས་སུ་བཅའ་སྡོད་འདུམ་འགྲིག་ལས་དོན་ཁང་ངམ་ཡང་ན་མཉམ་འབྲེལ་འདུམ་འགྲིག་ཁང་བཙུགས་པས“སྒོ་གཅིག་ནས་འགྲོ་འོང་དང་སྡེབ་གཅིག་ལ་འདུམ་འགྲིག” བྱེད་པའི་འདུམ་འགྲིག་བྱེད་སྟངས་ཆགས་པ་རེད།

    སྤུས་རྟཌ་ཀྱིས“བོད་ཀྱི་ཉམས་མྱོང”བཏོད་པར་རམ་འདེགས་བྱས་པ།

    “དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་སུ་འགལ་ཟླ་ཐོན་མང་བར་དམིགས་ཏེ། འབྲོག་རར་ཐད་ཀར་སྐོར་སྐྱོད་འདུམ་འགྲིག་ཁང་བཙུགས་པས་སྟབས་ཧ་ཅང་བདེ་པོ་འདུག”ཅེས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་བན་དཀར་ཤང་གི་འབྲོག་པ་མིག་རྒྱལ་གྱིས་དགའ་ཚོར་ཆེན་པོས་བཤད།

    ད་ཕན་ལོ་ཤས་རིང་། བོད་ཀྱིས《མི་དམངས་འདུམ་འགྲིག་གི་སྤུས་རྟགས་གཏོད་པའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་རྣམ་པ་སྣ་ཚོགས་དང་ཁྱད་ཆོས་མངོན་གསལ་དོད་པའི་སྤུས་རྟགས་འདུམ་འགྲིག་ཁང་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། “གཏན་འཇགས་དང་། སྐོར་སྐྱོད། ཁྱད་ལྡན”བཅས་ཀྱི་འདུམ་འགྲིག་དྲ་རྒྱ་གྲུབ་པ་རེད།

    “འཐུས་མི་གཉིས་དང་ཨུ་ཡོན་གཅིག”ནས་བཅའ་ཁྲིམས་ཞབས་ཞུའི་ལས་དོན་པའི་བར། ཆེད་བསྐོས་པ་དང་གཅིག་ལྕོགས་ཀྱི་འདུམ་འགྲིག་པ་ཁྲི་4.2ལྷག་ཙམ་ལས་གྲུབ་པའི“གཙོ་ཤུགས་དམག”གིས་འགལ་ཟླ་དང་རྩོད་གཞིའི་རིགས་མི་འདྲ་བ་དང་། དཀའ་སླའི་ཚད་གཞི། འགལ་ཟླ་ཐོན་ཡུན། སྤྱི་ཚོགས་ཀྱི་ཤུགས་རྐྱེན་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། འདུམ་འགྲིག་ཇུས་གཞི་རིགས་དབྱེ་ནས་བཟོས་པ་དང་། སྔ་སྣུར་དུ་ཐེ་ཞུགས་དང་རང་འགུལ་ངང་སེལ་བ། སྔ་ཙམ་ཤེས་རྟོགས་ཐུབ་པ་དང་ཆུང་ས་ནས་སྔོན་འགོག་ཐུབ་པ་བཅས་བྱས་པར། འདུམ་འགྲིག་ཐུབ་ཚད་96%ཡན་ཟིན་ནས་རྩོད་གཞི་གཞི་རིམ་དུ་ཐག་གཅོད་ཐུབ་པ་དང་། ས་གནས་དེ་རང་དུ་ཐག་གཅོད་ཐུབ་པ། གནས་ཚུལ་ཐོན་མ་ཐག་སེལ་ཐུབ་པ་བཅས་བྱེད་གང་ཐུབ་བྱས་ཡོད།

    དེའི་ནང་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གཡུ་ཕུག་ཤང་གི“རིམ་གསུམ་ཞི་མོལ”མང་ཚོགས་མཉམ་དུ་གྲོས་བསྡུར་བྱེད་པའི་བར་འདུམ་ལས་ཀའི་བྱ་ཐབས་དང་། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་བན་དཀར་ཤང་གི་དབྱར་རྩྭ་དགུན་འབུ་འཐུ་བའི་རྩོད་གཞིའི“འཐབ་ས་དང་པོའི་འདུམ་འགྲིག”ལས་དོན་སྤེལ་སྟངས་ནི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས“ཧྥུང་ཆའོ་རྣམ་པའི་ལས་ཀའི་བྱ་ཐབས”ལ་བདམས་པས་རྒྱལ་ཡོངས་མི་རིགས་ས་ཁུལ་ལ་བོད་ཀྱི་ཉམས་མྱོང་མཁོ་འདོན་བྱས་ཡོད།

    ད་ཆ་གངས་ལྗོངས་ས་མཐོར་96%ཡན་གྱི་འདུམ་འགྲིག་ལེགས་གྲུབ་བྱུང་དོན་ནི“དོན་ཆུང་གྲོང་ཚོར་ཐག་གཅོད་ཐུབ་པ་དང་། དོན་ཆེན་ཤང་ནས་ཐག་གཅོད་ཐུབ་པ། འགལ་ཟླ་གོང་ཞུ་མི་བྱེད་པ”བཅས་ལག་བསྟར་ཡག་པོ་བྱས་པ་ལས་བྱུང་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།