ཀྲུང་གོའི་དཔལ་འབྱོར་གསར་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་བ།
ཀྲུང་ཚའེ་ཕིང་།
2025ལོར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་རྒྱལ་སྤྱིའི་ཁོར་ཡུག་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་པ་དང་། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་པ། རང་རྩལ་འབད་སྦྱོང་བྱས་ནས་ཕྱི་ཕྱོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་བཏང་ཡོད། ཡོ་ལང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་གི་མདུན་དུ་ང་ཚོས་ཁ་གཏད་ནན་འཇལ་དང་གནོན་ཤུགས་ཐེག་ནས་མདུན་སྐྱོད་བྱས་ཡོད།
ན་ནིང་ལོ་འགོ་ནས་བཟུང་། ཨ་རི་སྲིད་གཞུང་གིས་སྔ་རྗེས་སུ“ཧྥེན་ཐའེ་ཉིའི་གནད་དོན”དང“སྒོ་ཁྲལ་འདྲ་མཚུངས”ལ་ཁ་གཡར་ནས་རང་རྒྱལ་ལ་སྒོ་ཁྲལ་ཐེངས་མང་རིམ་སྤོར་གྱི་བཙན་གནོན་བྱས་པ་དང་། དཔྱ་ཁྲལ་སྤར་བའི་སྒོ་ཁྲལ་གྱི་ཁྲལ་ཚད་སྐབས་ཤིག་རིང་145%ཟིན་ཡོད། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་འོག་ང་ཚོས“ཕྱོགས་གཉིས་དམ་འཛིན”མཐའ་འཁྱོངས་བྱས་ཡོད།
ཕྱོགས་གཅིག་ནས་མདུང་རྩེ་ཁ་སྤྲོད་ཀྱིས་རྒོལ་ལན་སློག་ཅིང་། ཨ་རིའི་ཧམ་ཤེད་སྤྱོད་ངན་ལ་དམིགས་ནས། སྒོ་ཁྲལ་དང་སྒོ་ཁྲལ་མིན་པའི་སྣ་འདུས་ཀྱི་ཟློག་ལན་སློག་ཐབས་ཐེངས་5སྤྱད་པས། ཨ་རིས་རང་འགུལ་ངང་རང་རྒྱལ་དང་གྲོས་མོལ་མི་བྱེད་དཀའ་མེད་དུ་གྱུར་ཡོད། ཕྱོགས་གཉིས་པོས་གྲོས་མོལ་ཐེངས་མང་བྱས་པ་དང་ལྷག་པར་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་ཧྥུའུ་ཧྲན་དུ་ཞལ་འཛོམས་གནང་རྗེས་ཀྲུང་གོ་དང་ཨ་རིའི་སྒོ་ཁྲལ་དམག་འཁྲུག་དང་ཚོང་དོན་དམག་འཁྲུག་གནས་སྐབས་མཚམས་བཞག་ནས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བ་རེ་ཞིག་ཞི་ལྷོད་དུ་ཕྱིན་ཡོད།
ཕྱོགས་གཞན་ཞིག་ནས་ཕྱི་ཕྱོགས་ཚོང་དོན་གྱི“འགག་གཏོར་འཕེལ་རྒྱས”ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཕྱིར་གཏོང་སྣ་མང་ཅན་གྱི་འཐབ་ཇུས་ལག་བསྟར་བྱས་པ་བརྒྱུད། 2025ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཡོ་རོབ་མནའ་འབྲེལ་ལ་ཕྱིར་གཏོང་བྱེད་ཚད་14.6%དང་8.9%སོ་སོར་འཕར་བ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་བྱེད་ཚད་11.3%འཕར་ཡོད། ཨ་རིར་ཚོང་ཟོག་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་18.3%ཆག་ཡོད་མོད། འོན་ཀྱང་ཨ་སྒོར་སྤྱད་ནས་རིན་གོང་རྩི་སྟངས་ཀྱི་ཕྱིར་གཏོང་ཚང་མ་སྔར་བཞིན་5.4%འཕར་ནས་སྒོ་ཁྲལ་དམག་འཁྲུག་དང་ཚོང་དོན་དམག་འཁྲུག་གི་རྡབ་རྡེག་བཀག་འགོག་ནུས་ལྡན་ཐུབ་ཡོད།
དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ་ང་ཚོས་དེ་བས་ཧུར་བརྩོན་དང་ཕན་ནུས་ལྡན་པའི་གཞི་ཆེའི་སྲིད་ཇུས་ལག་བསྟར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་བྱས་ནས། དཔལ་འབྱོར་གསར་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།
དཔལ་འབྱོར་འཁོར་སྐྱོད་བརྟན་ཁྲོད་ཡར་འཕེལ་བྱུང་ཞིང་། 2025ལོའི་ལོ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་བྱས་ན་5%ཡས་མས་ཙམ་ཟིན་ནས། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོའི་མདུན་གྲལ་དུ་མུ་མཐུད་སླེབས་པ་དང་། དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་140ཟིན་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་ཐུབ་རྒྱུ་རེད།
ཐོན་ལས་ཀྱི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཞིང་། 2025ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར། གཞི་ཁྱོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་9.3%དང་9.2%སོ་སོར་འཕར་བ་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ལས་བརྒྱ་ཆའི་གྲངས་3.3དང་3.2ཀྱིས་མགྱོགས་པ་ཡོད། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་ནང་བཟུང་བའི་བསྡུར་ཚད་36.4%དང་16.7%སོ་སོར་ཟིན་ནས་2020ལོ་ལས་བརྒྱ་ཆའི་གྲངས་2.7དང་1.6མཐོ་རུ་ཕྱིན་ཡོད། ཐོན་ལས་ཀྱི་བཀོད་པ་རྣམ་གསར་དང་ལེགས་ཕྱོགས་སུ་རྒྱུན་མཐུད་ངང་འཕར་ནས་ང་ཚོས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་བསྐྱར་སྒྲིག་ཁྲོད་གོ་སྐབས་སྔོན་ལ་ཐོབ་པར་རམ་འདེགས་བྱས་ཡོད།
གསར་གཏོད་ཀྱི་གྲུབ་འབྲས་འབོར་ཆེན་ཐོན་ཞིང་། ཨ་རིས་བཀག་འགོག་དང་གནོན་ཤུགས་ཇི་ཙམ་སྤྲད་ན། ང་ཚོའི་རང་བརྟེན་གསར་གཏོད་ཀྱི་ནུས་པ་དེ་ཙམ་ཆེ་རུ་འགྲོ་ངེས་པ་དང་། “སྐེ་བཙིར་བའི”གསལ་ཐོ་ཇེ་ཐུང་དུ་བཏང་ན། རང་བརྟེན་ཚོད་འཛིན་ཐུབ་པའི་གསལ་ཐོ་ཇེ་རིང་དུ་འགྲོ་སྲིད། 2025ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར། རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཐོན་རྫས་ཕྱིར་གཏོང་བྱས་ཚུལ་ཡག་པོ་ཡོད་པ་དང་། དེའི་ནང་འདུས་གྲུབ་གློག་ལམ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.29ཟིན་ནས་25.6%འཕར་ཡོད།
རང་རྒྱལ་གྱི་མི་ཐབས་རིག་ནུས་དང་། སྐྱེ་དངོས་སྨན་རྫས། འཕྲུལ་མི་སོགས་ཞིབ་འཇུག་གསར་སྤེལ་དང་ཉེར་སྤྱོད་བྱེད་ཚད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ནས། “ཐོན་གསར་གསུམ”གྱི་རྗེས་སུ་ཐོན་པའི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད།
སྒྱུར་བཅོས་སྒོ་དབྱེར་གོམ་སྟབས་གསར་པ་སྤོས་ཤིང་། དམངས་གཉེར་དཔལ་འབྱོར་གྱི་ཡར་སྐུལ་བཅའ་ཁྲིམས་བཏོན་ནས་ལག་བསྟར་བྱས་ཏེ། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་སྔར་བས་ཁུ་བསྡུ་རུ་དང་། “འཕེར་མེད་རྣམ་པའི” འགྲན་རྩོད་ལ་ཕྱོགས་བསྡུས་བཅོས་སྒྲིག རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པ་བཅས་བྱས་ནས། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཕྱོགས་སུ་སྐུལ་འདེད་བཏང་ཡོད། ཀྲུང་གོར་ཡོང་བའི་ཕྱོགས་རྐྱང་པའི་རྒྱལ་སྒྲོལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་སྤྱོད་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་སྒོ་ཁྲལ་བསྡམས་པ། རང་བརྟེན་སྒོ་དབྱེ་དང་ཕྱོགས་རྐྱང་པའི་སྒོ་དབྱེར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་སྐྱེད་བརྟན་པོ་བཏང་ཡོད།
སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། “ནུས་སྤྱོད”དེ་བས་དྭངས་གཙང་ཡོང་བར་བྱས་ཏེ། གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་མ་ལག་ཆེ་ཤོས་བསྐྲུན་ནས་གློག་ཏུའུ་3སྤྱད་པའི་ནང་ཏུའུ་1ནི་ལྗང་མདོག་གློག་ཡིན་པ་རེད། “སྦགས་བཙོག་བཅོས་སྒྲིག”ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། 2025ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཅིང་ཅིན་ཅི་གསུམ་གྱི་མཁའ་རླུང་ནང་འདུས་པའི་PM2.5ཡི་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེ་ནས་ཝེ་ཁེ་31ཆག་པ་དེ་ལོ་10གོང་ལས་54%ཆག་ཡོད་པ་རེད། “ལྗང་མདོག་རྒྱ་སྐྱེད་གཏོང་རྒྱུ”དེ་འཛམ་གླིང་གི་སྔོན་དུ་བསྐྱོད་ཐུབ་ཡོད་ཅིང་། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་ལྗང་མདོག་རྒྱ་ཁྱོན་བཞི་ཆ་གཅིག་འཕར་བར་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་རྒྱལ་ཁབ་ཕྱི་ནང་གི་ཚད་མཐོའི་ཁས་ལེན་ཐོབ་ཡོད་པ་རེད།
དམངས་འཚོ་འགན་ལེན་བྱེད་ཤུགས་དེ་བས་ཆེ་རུ་ཕྱིན་ཞིང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་ཐུབ་ནས། འཛམ་གླིང་ཡོངས་ཀྱི་བསྔགས་བརྗོད་ཐོབ་ཡོད། སྤྱི་ཚོགས་འགན་སྲུང་ཐད་ཀྱི་གཏོང་སྒོས་GDPནང་གི་བཟུང་ཚད་2012ལོའི་4%ནས་ད་ཆའི་8%བར་ལྡབ་འཕར་བྱུང་ནས། ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཁག་གི་ཆུ་ཚད་དང་ཧ་ལམ་གཅིག་མཚུངས་བྱུང་བ་མ་ཟད། ད་དུང་མགྱོགས་མྱུར་རྒྱུན་མཐུད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། རང་རྒྱལ་གྱིས་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་བཅས་ཀྱི་མ་ལག་བསྐྲུན་པ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་བརྟན་པོ་བཏང་ཡོད།
2025ལོའི་དུས་ཚིགས་བཞི་པའི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་བལྟས་ན། རིན་གོང་དང་། ཕན་འབྲས། སྔོན་དཔག་སོགས་དམིགས་ཚད་མང་པོ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། ད་དུང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་གསོག་ཚད་མང་དུ་ཕྱིན་ནས། ཀྲུང་གོའི་དཔལ་འབྱོར་གསར་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་སྔར་བཞིན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།