དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་མཐའ་མཚམས་ཚོང་དོན་ཟོག་འགྲུལ་འཕེལ་རྒྱས་མྱུར་པོ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-11

    གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱི་མཐའ་མཚམས་ཚོང་དོན་ཟོག་འགྲུལ་འཕེལ་རྒྱས་མྱུར་པོ་ཕྱིན་པ་སྟེ། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་400ཙམ་ཟིན་པ་དང་། 2025ལོར་ཨེ་ཤ་ཡ་ལྷོ་མར་མེ་འཁོར་ཐེངས་25བཏང་བར་ཟོག་ཐང་སྒོར་དུང་ཕྱུར་3.09ཟིན་པ། རང་བཟོས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1ལས་ཐོག་མར་བརྒལ་བ་སོགས། གྲངས་ཀ་རབ་དང་རིམ་པའི་ཐོག་ནས་བོད་ལྗོངས་འདི་ཉིད་སྒོ་དབྱེའི“མཇུག་སྣེ”ནས་མདུན་གྲལ་དུ་སྐྱོད་བཞིན་པ་མཚོན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔ་ཡི་རིང་། བོད་ཀྱི་མཐའ་མཚམས་ཚོང་དོན་གྱི་ཟོག་འགྲུལ་གཞི་ཁྱོན་གྱིས་བསྟུད་མར་ཟིན་ཐོ་གསར་པ་བཏོད་ནས། རྒྱལ་ཁབ་ཀྱི་ལྷོར་ཕྱོགས་བགྲོད་ལམ་གྱི་འགག་རྩའི་མཚམས་ཚིགས་གྲས་སུ་ཚུད་ཡོད། ལྷ་སའི་སྐམ་སའི་གྲུ་ཁའི་རྣམ་པ་དང་གཞིས་རྩེའི(སྐྱིད་གྲོང)སྐམ་སའི་མཐའ་མཚམས་འགག་སྒོ་རྣམ་པའི་རྒྱལ་ཁབ་རིམ་པའི་ཟོག་འགྲུལ་ལྟེ་གནས་སྔ་རྗེས་སུ་བཙུགས་པ་དང་། ལྷོ་ཁའི་གནམ་ཐང་རྣམ་པའི་ཟོག་འགྲུལ་ལྟེ་གནས་གོ་རིམ་ལྡན་པའི་ངང་རེ་ཞུ་བྱས་པས། བོད་ལ་རྒྱལ་ཁབ་རིམ་པའི་ཟོག་འགྲུལ་གྱི“ཐོབ་ཐང་ལག་ཁྱེར”ཐོག་མར་རག་ནས“ལྟེ་གནས་ཀྱི་སྟོང་ཆ”རྦད་དེ་གསབ་ཐུབ་ཡོད། ལྷ་ས་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དང་། སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ། ལྷ་ས་རྒྱལ་སྒྲོལ་དྲ་ཚོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་བཅས་སྔ་རྗེས་སུ་ཆོག་མཆན་ཐོབ་ནས་བཙུགས་པར། རིམ་རྩིས་བརྒྱབ་ན། ཁེ་ལས་102བཅའ་སྡོད་བྱས་ནས་ཕྱི་ཕྱོགས་ཚོང་དོན་འཕར་བར་སྐུལ་ཁྲིད་བྱེད་པའི“གླིང་ཁུལ་ལིང་ཚེ”ཞིག་ཆགས་ཡོད།

    རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཟམ་མི་ཆད་པར་བཏང་ནས་སྒོ་དབྱེར་སྒུལ་ཤུགས་ཆེན་པོ་བསྣན་ཞིང་། བོད་དུ་དེང་རབས་ཚོང་དོན་འཁོར་རྒྱུག་སྒྲིག་བཀོད་146དང་ས་ཁོངས་བརྒལ་བའི་གྲང་ཕྲེང་ལྟེ་གནས་8བསྐྲུན་པར་གྲང་ཕྲེང་མཛོད་ཉར་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་51.5ཟིན་ཡོད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱི་དྲ་ཚོང་ཞབས་ཞུའི་ལྟེ་གནས་དང་། རྫོང་རིམ་པའི་སྡེབ་སྐྱེལ་ལྟེ་གནས། ཤང་དང་གྲོང་རྡལ་གྱི་མྱུར་སྐྱེལ་དྲ་ཚུགས་བཅས་ཁྱོན་ཡོངས་ལ་ཁྱབ་ནས། གྲོང་ཁྱེར་དང་གྲོང་གསེབ་ཟོག་འགྲུལ་གྱི“མཐའ་མའི་འགག་གནད”རྦད་དེ་བསལ་བ་རེད།

    འགག་སྒྲོལ་གྱི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ནས་ཁེ་ལས་ཀྱི་ཁུར་པོ་མུ་མཐུད་ཡང་དུ་ཕྱིན་ཞིང་། “གླིང་ཁུལ་དང་འགག་སྒོ་མཉམ་འགུལ་དང་། འགག་སྒོར་ཐེངས་གཅིག་ལ་རེ་ཞུ་བྱེད་པ། འགག་སྒོ་ཤར་གཏོང”བཅས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བས། རླངས་འཁོར་འགག་སྒྲོལ་དུས་ཚོད་ཆ་སྙོམས་85%ཐུང་དུ་ཕྱིན་པ་དང་། དངོས་ཟོག་ཁག་རེའི་འགག་སྒྲོལ་མ་གནས་སྒོར་600ཙམ་ཆག་སྟེ། ལོ་ཧྲིལ་པོར་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་ཁུར་པོ་ཡང་དུ་སྒོར་ཁྲི་2000ལྷག་ཙམ་ཕྱིན་ནས། མཐའ་མཚམས་ཚོང་དོན་གྱི་ཟོག་འགྲུལ་ལས་རིཌ་དེ་ནུས་ཆེ་དང་། སྟབས་བདེ། མ་གནས་དམའ་བ་བཅས་ཀྱི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།