ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གིས“གསར་བརྗེ་འཇོ་མདར་གནས། ཕུགས་ འདུན་ཤར་དུ་ཕྱོགས”ཞེས་པའི་བྱེད་སྒོ་སྤེལ་བ།
ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།
ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཆབ་མདོ་གྲོང་ཨུད་ཀྱི“ཐམས་ཅད་ཤར་དུ་ཕྱོགས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ལས་ཀའི་དམིགས་ཚད་དང་། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་བྱེད་སྒོ་གཉེར་འགན་ཁུར་ཞིང་། རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་ནས“གསར་བརྗེ་འཇོ་མདར་གནས། ཕུགས་འདུན་ཤར་དུ་ཕྱོགས”ཞེས་པའི་ལས་ཀའི་བླང་བྱ་བཏོན་ཡོད། “གསར་བརྗེ་འཇོ་མདར་གནས”ཞེས་པ་ནི་འཇོ་མདའ་ཡིས“དམར་མདངས་ཆབ་མདོའི”ནང་དོན་ལ་གཞིགས་པའི་འགྲེལ་བཤད་ཅིག་ཡིན་པ་དང་། གྲོང་ཨུད་ཀྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་བྱེད་སྒོ་དེ་གཏིང་ཟབ་དང་རྒྱ་སྐྱེད་བཏང་བ་ཞིག་ཡིན། དེ་ཐོག་ནས་གསར་བརྗེའི་ལོ་རྒྱུས་རང་བཞིན་དང་། སྙིང་སྟོབས་རང་བཞིན། དུས་རབས་རང་བཞིན། ལག་ལེན་རང་བཞིན་བཅས་དར་སྤེལ་གཏོང་བའི་བླང་བྱ་མཚོན་ཡོད། “ཕུགས་འདུན་ཤར་དུ་ཕྱོགས”ཞེས་པ་ནི་གྲོང་ཨུད་ཀྱིས“ཐམས་ཅད་ཤར་དུ་ཕྱོགས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་གཏོད་པའི”ལས་ཀའི་དམིགས་ཚད་ཞིབ་ཚགས་སུ་བཏང་བ་ཞིག་ཡིན་ཞིང་། དེར་ས་བབ་ཀྱི་ལེགས་ཆ་དང་། གསར་གཏོད་ཀྱི་སྒུལ་ནུས། ཤར་ཕྱོགས་ཀྱི་ཐུན་མོང་ངོས་འཛིན་བཅས་སྔོག་འདོན་གང་ལེགས་ཀྱིས་དགེ་མཚན་ཆེ་རིགས་ཆགས་དགོས་ལུགས་བཏོན་ཡོད།
གསར་བརྗེའི་ཁྲིད་སྟོན་གྱིས་འགག་སྒྲོལ་བྱས་ཏེ“གསར་བརྗེ་འཇོ་མདར་གནས”ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་སྤུས་ཚད་ལེགས་གཏོང་ལ་སྐུལ་འདེད་བཏང་བ།
“གསར་བརྗེ་འཇོ་མདར་གནས”ཞེས་པའི་ལེགས་ཆ་ཆེན་པོ་བཞིར་དམིཌ་ནས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་བྱེད་སྒོ་ནུས་ལྡན་ངང་སྤེལ་ཏེ། མང་ཚོགས་ཚོ“ཐམས་ཅད་ཤར་དུ་ཕྱོགས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ནང་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད།
གསར་བརྗེའི་འཐབ་ས་སྟོབས་ཆེར་བསྐྲུན་ནས“གསར་བརྗེ་འཇོ་མདར་གནས”ཞེས་པའི་ཏང་འཛུགས་སྐྱོང་གི་ཐོན་ཁུངས་ཕུན་སུམ་ཚོགས་སུ་བཏང་ཞིང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་སྲ་བརྟན་མཐོར་གཏོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྐམ་ཐོག་ཞིང་འབྲོག་པ་ཏང་ཡོན་ལས་བྱེད་པ་གསོ་སྦྱོང་ལྟེ་གནས་ཧུར་ཐག་སྐྲུན་པ། ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་དང་ཏང་ཀྲི་པུའུ་སྟོབས་ཆེན་བཞི་སྲ་བརྟན་གསོ་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཞིང་ཆེན་ལམ་201དང་202ཀྱི་ཏང་འཛུགས་སྐྱོང་གི་གསར་བརྗེའི་ཁྱམས་རིང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ནས། སྟོབས་ཆེ་ནུས་ལྡན་དང་གསར་བརྗེའི་འཐབ་ས་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད།
གསར་བརྗེའི་དཔུང་ཁག་སྟོབས་ཆེར་བསྐྲུན་ནས“གསར་བརྗེ་འཇོ་མདར་གནས”ཞེས་པའི་སྙིང་སྟོབས་རྒྱུན་འཛིན་གྱི་ཧྲག་དམག་ཅིག་བཙུགས་ཤིང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་མཐུན་རྐྱེན་སྦྱོར་བ་དང་ཕན་ནུས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཕུལ་བྱུང་གཞོན་ནུ་ལས་བྱེད་པའི“གསར་བརྗེ་འཇོ་མདའ། རྒྱུན་འཛིན་འདུ་འགོད”སྤེལ་འགོ་ཚུགས་པ། གྲོང་ཚོ་རིམ་པའི་རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་དང་གསོག་འཇོག་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་བ་བཅས་བྱས་ནས་གསར་བརྗེའི་རྒྱུན་འཛིན་མཁན་ཡོད་པར་བྱས་ཡོད། ཏང་ཡོན་དཔུང་ཁག་གི་གྲུབ་ཆའི་ལེགས་ཆ་དང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་པོས་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས། ཞིང་འབྲོག་པ་ཏང་ཡོན་ཚང་མ་དར་ཆ་ལྟ་བུར་གྱུར་ནས་མང་ཚོགས་ཀྱི་བརྟེན་སར་གྱུར་ཡོད།
ཤར་ཕྱོགས་བགྲོད་ལམ་བཏོད་ནས་རྨང་བརྟན་འགག་སྒྲོལ་བྱས་ཏེ་ལྟེ་བ་རིམ་སྤོར་གྱིས་མཐའ་སྟོབས་སྒོ་དབྱེར་སྐུལ་འདེད་བཏང་བ།
གྲོང་ཨུད་ཀྱིས་བར་སྣང་དང་། མཁའ་དབྱིངས། ས་ཐོག་བཅས་གཞི་གཅིག་ཅན་གྱི་འགྲིམ་འགྲུལ་ལྟེ་བ་བསྐྲུན་རྒྱུ་དེ་གོ་སྐབས་སུ་བྱས་ཏེ། ཤར་ཕྱོགས་སུ་ཤར་གཏོང་ཐུབ་རྒྱུ་འགོ་འཛུགས་སར་བྱེད་པ་དང་། འགྲིམ་འགྲུལ་ལྟེ་བ་དང་། ཟོག་འགྲུལ་དྲ་རྒྱ། མཐའ་མཚམས་མཉམ་ལས་བཅས་རྨང་གཞིར་བྱས་ནས། ཕུགས་འདུན་དོན་གཉེར་གྱི་དངོས་ཁམས་བགྲོད་ལམ་བསྐྲུན་ཏེ། འཇོ་མདའ་དེ་ཉིད་ཆབ་མདོ་ཡིས་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་འབྲེལ་མཐུད་བྱེད་པའི་འཐབ་ས་མདུན་མར་འགྱུར་བར་སྐུལ་འདེད་བཏང་ཡོད།
ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བ་བསྐྲུན་ནས་འགྲིམ་འགྲུལ་ལ་མཐུན་རྐྱེན་སྦྱར་ཞིང་། “མྱུར་བགྲོད་གཞུང་ལམ་བརྩོན་ལེན་དང་། རྒྱལ་ལམ་མཐོར་གཏོང་། ལམ་འཕྲོ་ཤར་གཏོང་། རིམ་པ་སྤོར་བ། གྲོང་གསེབ་ཤར་བགྲོད”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལྟར། སྡེ་དགེ་ནས་ཆབ་མདོའི་བར་གྱི་རིམ་མཐོའི་གཞུང་ལམ(G4217)དང་G317ལམ་ཐིག་གི་རིམ་སྤོར་སྒྱུར་བཀོད་འཆར་འགོད་དེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་བཅུག་སྟེ། སྲིད་འཛིན་གྲོང་ཚོ་དང་རང་བྱུང་གྲོང་ཚོར་ཤར་གཏོང་ཐུབ་ཚད་ཆེ་རུ་བཏང་ནས། ཤར་ཕྱོགས་ཀྱི་མཐའ་འཁོར་དཔལ་འབྱོར་ཁུལ་དང་འབྲེལ་མཐུད་བྱེད་པ་དང་། ནུབ་ཀྱི་སྤུན་ཟླའི་རྫོང་དང་ཆུས་ལ་ཁྱབ་འགྱེད་ཐུབ་པའི“ཕྱོགས་གཉིས་སྒོ་དབྱེའི”བགྲོད་ལམ་ཤར་གཏོང་ཐུབ་ཡོད། འཇོ་མདའ་དང་ཁྲོན་བོད་ལྕགས་ལམ་གྱི་སྦྲེལ་མཐུད་བགྲོད་ལམ་ཤར་གཏོང་ཐུབ་ནས་ལྕགས་ལམ་དང་རྫོང་ཁོངས་ནང་ཁུལ་གྱི་འགྲིམ་འགྲུལ་དྲ་རྒྱ་སྲུབས་མེད་སྦྲེལ་མཐུད་མངོན་འགྱུར་བྱུང་བ་དང་སྦྲགས། ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་ནས་ཟོག་འདྲེན་སྒྲིག་འཛུགས་ས་ཚིགས་དང་དོས་སྒམ་བར་བརྒྱུད་ལྟེ་གནས་བསྐྲུན་ཏེ་ལྕགས་ལམ་གྱི“ལམ་འཁེལ་རླངས་འཁོར”ཡག་པོ་འཛུགས་རྩིས་ཡོད་པ་རེད། ལམ་རྒྱུད་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་བཏོད་དེ་མཐའ་མཚམས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཅིང་། “ཁྱིམ་མཚེས་འཆམ་མཐུན་དང་། མཐའ་མཚམས་བརྟན་ལྷིང་། འཕེལ་རྒྱས་སྐུལ་གཏོང”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་G317ལ་བརྟེན་ནས། ནུས་རྒྱུ་གཙང་མ་གསར་སྤེལ་དང་། ཚོང་དོན་འགྲོ་རྒྱུག རིག་གནས་ཡུལ་སྐོར། སྐྱེ་ཁམས་མཉམ་སྐྲུན། ལས་ཞུགས་ཞབས་ཞུ། བརྟན་སྲུང་མཉམ་ལས་སོགས་ལ་དམིགས་ནས་སི་ཁྲོན་དཀར་མཛེས་ཀྱི་སྡེ་དགེ་དང་། སེར་ཤུལ། དཔལ་ཡུལ། མཚོ་སྔོན་ཡུལ་ཤུལ་སོགས་དང་རང་འགུལ་ངང་མཉམ་འདྲེས་བྱེད་པ་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་མཐའ་མཚམས་མཉམ་ལས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ལམ་བུ་འཚོལ་ཞིབ་ཀྱིས། ཁྲོན་བོད་བགྲོད་ལམ་ཡུལ་སྐོར་གྱི་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད།
ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་ཀྱིས་སྤུས་འཕར་འགག་སྒྲོལ་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དམངས་ཕན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཤར་ཕྱོགས་སུ་ཐོན་ཁུངས་གསར་སྤེལ་བྱེད་པ་སྒུལ་ཤུགས་སུ་བྱས་ཏེ“ཐོན་ཁུངས+ཁྲོམ་ར+ལག་རྩལ”ཟུང་འབྲེལ་གྱི་མཐུན་སྦྱོར་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་དང་ཤར་རྒྱུད་ཐོན་ལས་འཁོར་འབྲེལ་གྱི“འཁོར་རྒྱུག་གཉིས”ཀྱི་བྱེད་སྟངས་འཛུགས་སྐྱོང་བྱས་ཏེ་རྫོང་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་རེད།
ཆུ་གློག་ཤར་འདྲེན་ལ་སྐུལ་འདེད་བཏང་ནས་ཤར་རྒྱུད་ཀྱི་ཁྱིམ་ཚང་མང་པོར་གློག་སྒྲོན་སྤར་ཞིང་། ཆབ་མདོས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་ལས་དོན་སྤྱི་ཡོངས་ཁྲོད་གཞི་བཙུགས་ཏེ། ཆུ་འོད་རླུང་དྲོད་གསབ་རེས་དང་ཁུངས་དྲ་ཐེག་གསོག་གཞི་གཅིག་མཐའ་འཁྱོངས་བྱས་ནས་པོ་ལོ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། སྐམ་ཐོག་ཆུ་ཤུགས་གློག་ཁང་གི་དུས་འགོའི་ལས་དོན་ལ་གཟབ་ནན་ངང་སྐུལ་འདེད་གཏོང་བ། ནུས་རྒྱུ་གཙང་མ་ཕྱི་འདྲེན་བགྲོད་ལམ་འཛུགས་སྐྱོང་ལ་དུས་མཉམ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕུན་སུམ་ཚོགས་པའི་ནུས་རྒྱུ་གཙང་མ་ཤར་རྒྱུད་ཀྱི་དགོས་མཁོ་ཆེ་སར་སྔ་ཙམ་འདྲེན་ཐུབ་པའི་བརྩོན་ལེན་བྱས་ཡོད།
ཞིང་འབྲོག་ལས་རིམ་སྤོར་ལ་སྐུལ་འདེད་བཏང་ནས་ས་མཐོའི་ལེགས་སྐྱེས་དེ་རི་གྲོང་ནས་གཞན་ཡུལ་དུ་འདྲེན་ཐུབ་པར་བྱས་ཤིང་། གྲོང་ཨུད་ཀྱི་ཞིང་འབྲོག་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་བཀོད་སྒྲིག་བླང་བྱ་དང“ཁག་གཅིག་རེ་བཞིའི”བྱེད་ཐབས་ལ་གཞིགས་ཏེ། ནགས་ཁྲོད་ཐོན་ཁུངས་དང“འཇོ་མདའི་ནོར་གནག” “གངས་ཆབ་བྲག་ཆུ”ཐོན་ལས་ཀྱི་ལས་སྣོན་དང་སྤུས་རྟགས་གཏོད་པའི་ཐད་འབད་བརྩོན་བྱས་པ་མ་ཟད། དཔར་ཤིང་དང་གཟིམ་སྤོས་སོགས་ཀྱིས་མཚོན་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་ཚོ་འདུས་ཅན་དུ་འཕེལ་རྒྱས་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་སོང་ཞིང་། ཡུལ་ཟོག་ས་ཁོངས་ཀྱི་ཚད་བཀག་ལས་བརྒལ་ནས་ཁྲོམ་ར་སྔར་བས་རྒྱ་ཆེ་བའི་ཕྱོགས་སུ་ཁྱབ་པར་རྨང་གཞི་བརྟན་པོ་བཏིང་ཡོད།
འབྲེལ་ཡོད་གསར་འགྱུར།