ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཐུང་ལུན་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པར་རྟེན་འབྲེལ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཐུང་ལུན་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་སླར་ཡང་བདམས་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་གསུངས་དོན། ལོ་སི་ཏང་གི་ཚོགས་ཆེན་བཅུ་གཅིག་པ་འཚོགས་ཚུན། ལོ་སི་ཏང་ཀྲུང་དབྱང་གིས་ལོ་སི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་གིས་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་མདུན་སྐྱོད་བྱས་པས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བ། ཕྱི་ཕྱོགས་འགྲོ་འོང་རྒྱ་སྐྱེད་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ལོ་སི་ཏང་གི་ཚོགས་ཆེན་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོགས་པ་དེ་ལོ་སི་ཏང་དང་ལོ་སི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ངོས་ནས་བརྗོད་ན་འཛིན་སྐྱོང་སྤེལ་གསུམ་དང་སྔ་འཛིན་ཕྱི་གཏོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་གཙོས་པའི་ལོ་སི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལོ་སི་ཏང་དང་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མུ་མཐུད་འབད་འཐབ་བྱས་ཏེ། ལོ་སི་ཏང་གི་ཚོགས་ཆེན་བཅུ་གཉིས་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་ཁག་རྒྱལ་ཁའི་ངང་ལེགས་སྒྲུབ་དང་ལོ་སི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་དེ་2055ལོའི་ཏང་བཙུགས་ནས་ལོ་བརྒྱ་ཡི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་ཐུབ་པའི་སྨོན་འདུན་ཞུ་གི་ཡིན།
ཀྲུང་གོ་དང་ལོ་སི་ནི་རི་ཆུ་འབྲེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་ཕྱོགས་གཉིས་པོས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། ཀྲུང་ལོའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ལོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་བྱས་པས་གཡུར་ཟའི་གྲུབ་འབྲས་མང་པོ་ཐོབ་ཡོད། མཐའ་འཁོར་གྱི་གནས་བབ་དང་འཛམ་གླིང་གི་འགྱུར་ལྡོག་མཉམ་འགུལ་གཏིང་ཟབ་བྱེད་པའི་དུས་བབ་གསར་པའི་འོག ངས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་དང་མཉམ་དུ་ཀྲུང་ལོའི་འབྲེལ་བ་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ལོའི་སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་གཏོང་བ། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། ཀྲུང་ལོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ་དེ་ཚད་གཞི་མཐོ་པོ་དང་། སྤུས་ཚད་མཐོ་པོ། ཆུ་ཚད་མཐོ་པོ་བཅས་ཀྱི་དམིགས་ཚད་ཕྱོགས་སུ་མུ་མཐུད་སྐྱོད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་ལེགས་པའི་བདེ་རྩ་བསྐྲུན་པ། རང་སོ་སོའི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཕེལ་རྒྱས་ལ་དེ་བས་ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱས་ཏེ། ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།