ཞིང་ཞོར་ཐོན་རྫས་ཉོ་ཚོང་དར་བས་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་རྒྱུན་མཐུད་ཟབ་ཏུ་ཕྱིན་པ།
ཀྲུང་གོ་དང་སི་ཕེན་དབར་གྱི་ཚོང་དོན་འབྲེལ་བ་ཡར་ངོའི་ཟླ་ལྟར་འཕེལ་བ།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་ཞིང་། ཕྱོགས་གཉིས་པོས་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། མཉམ་ལས་བྱེད་སྟངས་གསར་དུ་བཏོད་པ། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། གསོན་ཤུགས་དང་མཉེན་གཤིས་ལྡན་པའི་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་འབྲེལ་བ་བཙུགས་པར། ཁ་ཡོད་ལག་ཡོད་ཀྱི་མཉམ་ལས་གྲུབ་འབྲས་དེ་བས་མང་བ་ཐོབ་སྟེ། རྒྱལ་ཁབ་གཉིས་པོ་དང་དེའི་མི་དམངས་ལ་ཕན་པ་ཆེན་པོ་ཐོབ་ཡོད་པ་རེད།
“འབྱུང་འགྱུར་ཕྱོགས་གཉིས་པོའི་མཉམ་ལས་ཟབ་ཏུ་འགྲོ་བར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད”
ཀྲུང་གོས་སྒོ་དབྱེར་བརྟེན་ནས་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཁག་གི་ཐུན་མོང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཤིང་། ཁྲོམ་རར་ཞུགས་འཐུས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་བརྒྱུད། ཚོང་དོན་སྟབས་བདེ་ཅན་དང་རང་མོས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་དཔལ་འབྱོར་འཕར་བ་ལས་བྱུང་བའི་ཕན་པ་མཉམ་སྤྱོད་ཐུབ་པ་དེས་ཀྲུང་གོ་དང་སི་ཕེན་དབར་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བར་བརྟན་ལྷིང་རང་བཞིན་མང་པོ་བསྣན་ཡོད།
2025ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཀྲུང་གོ་དང་སི་ཕེན་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་500.32ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་9.1%འཕར་བའི་ནང་། སི་ཕེན་གྱིས་ཀྲུང་གོར་ཕྱིར་གཏོང་བྱས་པའི་སྐྱུ་རུའི་སྣུམ་དང་། ཕག་ཉྭ་བསྙལ་མ། རྒུན་འབྲུམ་ཨ་རག ཚ་ལུ་མ་སོགས་ཞིང་ལས་ཐོན་རྫས་སྤུས་དག་གི་གྲངས་འབོར་དང་སྣ་ཁ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས། ཀྲུང་གོའི་ཁྲོམ་ར་འདི་ཉིད་སི་ཕེན་གྱི་ཞིང་ཞོར་ཐོན་རྫས་ཕྱིར་གཏོང་བྱེད་སའི་འཕར་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
བགྲོད་ལམ་སྔར་བས་བདེ་རུ་ཕྱིན་ཞིང་། མ་ཏེ་རི་དང་དབྱི་ཝུའུ་དབར་འབྲེལ་མཐུད་བྱེད་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་2014ལོར་ཐོག་མར་བཏང་བ་ནས་བཟུང་ད་བར་ལས་ཕྱོད་ཆེན་པོས་འཁོར་སྐྱོད་ཀྱིས་རྒྱལ་ཁབ་གཉིས་པོའི་ཚོང་ཟོག་རྒྱལ་སྒྲོལ་འཁོར་རྒྱུག་གི་བགྲོད་ལམ་བསྐྲུན་པས། སི་ཕེན་གྱི་རྒུན་རུམ་ཨ་རག་དང་སྐྱུ་རུའི་སྣུམ་སོགས་ཀྲུང་གོར་ཕྱིར་གཏོང་དེ་བས་སྟབས་བདེ་བྱུང་སྟེ། ཕྱོགས་གཉིས་པོའི་ཚོང་དོན་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་འགག་རྩའི་འདེགས་སྐྱོར་ཐུབ་ཡོད།
“སི་ཕེན་གྱི་ཁེ་ལས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད”
སི་ཕེན་གྱི་གྲོང་ཁྱེར་ཁྲོམ་གཞུང་དུ་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། 2024ལོའི་ལོ་མཇུག་ཏུ། ཆི་རུའེ་དང་སི་ཕེན་གྱི་ཁེ་ལས་ཀྱིས་པ་སའེ་ལུའོ་ནར་བཙུགས་པའི་མ་རྩ་མཉམ་འཇོག་བཟོ་གྲྭས་བཟོ་ལྟ་གསར་པའི་རླངས་འཁོར་ཐོག་མར་བཟོ་འགོ་ཚུགས་ཤིང་། 2025ལོའི་ཟླ་བདུན་པར། པི་ཡ་ཏིའི་གློག་སྣུམ་མཉམ་སྤྱོད་ཆོག་པའི་རླངས་འཁོར་གྱིས་ཁྲོམ་རའི་བཟུང་ཚད་10%ཟིན་པ་དེ་སི་ཕེན་གྱི་ཕྱིར་ཚོང་བྱེད་མང་ཤོས་གྲས་སུ་སླེབས་ཏེ། ས་གནས་དེ་གའི་འཛད་སྤྱོད་པས་དགའ་པོ་བྱེད་པའི་སྤུས་རྟགས་ཤིག་ཏུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་དེ་བས་མང་བ་སི་ཕེན་དུ་མ་འཇོག་བྱེད་པར་སྐྱོད་པར་རྒྱབ་སྐྱོར་བྱས་ནས། འོད་ཤུཌ་དང་། ལྗང་མདོག་ཆིང་རྒྱུ། སྒུལ་ཤུགས་གློག་རྫས་སོགས་ཁྱབ་ཁོངས་ཀྱི་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་རྒྱ་བསྐྱེད་དེ། མི་ཐབས་རིག་ནུས་སོགས་འབྱུང་འགྱུར་གྱི་ཐོན་ལས་མཉམ་ལས་ལ་གྲོས་བསྡུར་བྱས་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གོ་སྐབས་གསར་པ་བཏོད་ཡོད།
སི་ཕེན་གྱི་རླངས་འཁོར་བརྒྱུད་ཚོང་མཐུན་ཚོགས་ཀྱི་ཙུང་ཚའེ་མར་ཐཱ·པུའུ་ལཱ་སི་ཁེ་སིས། སི་ཕེན་དང་ཀྲུང་གོའི་མཉམ་ལས་དབར་ཕན་ཚུན་གསབ་རེས་ཀྱི་ཆ་ཞིག་རང་བཞིན་དུ་གྲུབ་ཡོད་པ་སྟེ། རླངས་འཁོར་ཧྲིལ་པོ་བཟོ་བ་དང་། ལྷུ་ལག་མཁོ་སྤྲོད། དེ་བཞིན་ཡོ་རོབ་ཏུ་ཕྱིར་ཚོང་དྲ་རྒྱ་འཛུགས་པའི་ཐད་སི་ཕེན་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པ་དང་། ནུས་རྒྱུ་གསར་པའི་ལག་རྩལ་དང་། རིག་ནུས་ཅན་གྱི་སྒྲིག་སྦྱོར། མ་གནས་ཚོད་འཛིན་བཅས་ཐད་ཀྲུང་གོའི་ཁེ་ལས་ལ་ལེགས་ཆ་མངོན་གསལ་དོད་པོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོའི་རླངས་འཁོར་བཟོ་སྐྲུན་ཚོང་པས་སི་ཕེན་ལ་རླངས་འཁོར་ཐོན་སྐྱེད་བྱས་ནས་ས་གནས་ཀྱི་མཁོ་འདོན་ཚོང་པ་དང་མཉམ་ལས་ཀྱིས་ས་གནས་དེ་གར་ལས་ཞུགས་ཀྱི་གོ་སྐབས་མང་པོ་བཏོད་ཡོད།
“ཀྲུང་གོ་དང་ཡོ་རོབ་ཙམ་མ་ཟད་གོ་ལ་ཧྲིལ་པོའི་ལྗང་མདོག་མཉམ་ལས་ལ་རོགས་རམ་བྱེད་ཀྱི་ཡིན”
ཉེ་ཆར། ཀྲུང་གོའི་རྫས་འགྱུར་ལས་གྲྭ་འཛུགས་སྐྲུན་ཚད་ཡོད་ཀུང་སི་ཨང་བཅུ་གསུམ་པས་སི་ཕེན་དུ་སའེ་ཕུའུ་ས་ཧྲེང་ལུའོ་ཁེའི་སྐྱེ་དངོས་ནུས་རྒྱུའི་རྣམ་གྲངས་ལ་གན་རྒྱ་བཞག་སྟེ། སི་ཕེན་ལྷོ་རྒྱུད་དུ་བེད་མེད་དུ་ལུས་པའི་སྲོག་ཆགས་དང་རྩི་ཤིང་གི་སྣུམ་རྒྱུ་ཆར་བྱས་པའི་བསྐྱར་སྐྱེས་འབར་སྣུམ་སྒྲིག་ཆས་སྒྲིག་སྦྱོར་ས་ཚིགས་བསྐྲུན་ནས། མཁའ་འགྲུལ་དང་། མཚོ་ཐོག་སྐྱེལ་འདྲེན། གཞུང་ལམ་འགྲིམ་འགྲུལ་བཅས་ལ་ཕྱོགས་པའི་ཐཱན་ཉུང་གི་འབར་སྣུམ་ཐོན་སྐྱེད་ལ་སྤྱོད་རྩིས་ཡོད་ཅིང་། དེར་ས་གནས་དེ་གའི་སྨྱན་སྦྱོར་གྱིས“སི་ཕེན་གྱི་གཞི་ཁྱོན་ཆེ་ཤོས་དང་ལག་རྩལ་སྔོན་ཐོན་ཚ་ཤོས་ཀྱི་སྐྱེ་དངོས་འབར་སྣུམ་རྣམ་གྲངས་ཀྱི་གྲས་ཤིག”ཏུ་བརྩི་གི་ཡོད།
ནུས་རྒྱུ་གཙང་མ་དང་། རིག་ནུས་གློག་དྲ། ནུས་གསོག་ལག་རྩལ་སོགས་ཀྱི་ཐད། ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་པོའི་སྤེལ་རེས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། སི་ཕེན་དུ་ཨར་ཁོ་ལེ་སི་འོད་ཤུགས་གློག་ཁང་གིས་དཔལ་འབྱོར་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་དམིགས་ཚད་མང་པོ་ལེགས་གྲུབ་བྱས་པ་དང་། 2025ལོའི་ཟླ་3པར། པེར་ཝེ་སི་འོད་ཤུགས་གློག་ཁང་རྣམ་གྲངས་ཀྱི་འཕྲུལ་ཙུའུ་ཡོངས་ཀྱི་གློག་ནུས་ཚོང་ལས་ཐད་དངོས་སུ་སྤྱོད་ཐུབ་པ་ལ་སོགས། སི་ཕེན་གྱི་བཟོ་ལས་དང་ཡུལ་སྐོར་པུའུ་ཡི་རྒྱལ་ཁབ་ཀྱི་རྣམ་པ་གསར་པའི་བཟོ་ལས་ཅན་གྱི་ཀྲོན་ཡོན་ཧའེ་མེ·ཕེ་ལི་སིས། ཀྲུང་གོ་ནི་ཐཱན་མེད་བཟོ་ལས་གསར་པ་དང་། བཟོ་སྐྲུན་ལས་རིགས་གསར་པ། གོ་ལ་ཧྲིལ་པོའི་ཁྲོམ་ར་སོགས་ཐད་ཀྱི་སི་ཕེན་གྱི་རོགས་ཟླ་གཙོ་བོ་ཞིག་ཡིན། ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་དང་ལག་རྩལ་གཞན་འགྱུར་ཐད་རྒྱུན་མཐུད་ནུས་པ་འདོན་པ་དང་། སི་ཕེན་གྱི་ཁེ་ལས་ཀྱིས་ལས་གྲྭའི་ཉམས་མྱོང་དང་རྣམ་གྲངས་དོ་དམ་གྱི་ནུས་པ་འདོན་བཞིན་ཡོད་པ་ལས། ཕྱོགས་གཉིས་པོའི་མཉམ་ལས་ལ་ཕན་ཚུན་ལེགས་ཆ་གསབ་རེས་བྱེད་པར་ཕན་ཐོགས་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།