དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    ཀྲུང་གོས་མུ་མཐུད་སྒོ་དབྱེའི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཁག་དང་འཕེལ་རྒྱས་དང་དར་རྒྱས་མཉམ་སྤྱོད་བྱེད་ཀྱི་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-10

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། ཡོ་རོབ་ཀྱི་དངུལ་རྩའི་སྒྲིག་གཞི་མང་པོའི་ཞིབ་འཇུག་སྙན་ཞུའི་ནང་། ཀྲུང་གོ་དེ་ཉིད་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་ཁྲོད་མཉེན་གཤིས་ཅུང་ཆེ་ཙམ་མངོན་གྱི་ཡོད་ཅེས་འཁོད་ཡོད། དེའི་ཐད་ཟླ་1ཚེས་7ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ཀྲུང་གོས་མུ་མཐུད་སྒོ་དབྱེའི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཁག་དང་འཕེལ་རྒྱས་དང་དར་རྒྱས་མཉམ་སྤྱོད་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས། ཉེ་ཆར། དབྱིན་ཇིའི་ཏྲ་ཏ་དངུལ་ཁང་དང་། ཧྥ་རན་སེའི་ཤིང་ཡེ་དངུལ་ཁང་། ཧོ་ལན་གྱི་རྒྱལ་སྤྱིའི་ཚོགས་པ་སོགས་ཡོ་རོབ་ཀྱི་དངུལ་རྩའི་སྒྲིག་གཞི་མང་པོས་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་སྙན་ཞུའི་ནང་། ཚན་རྩལ་གསར་གཏོད་དང་ལྗང་མདོག་ཕྱོགས་སྒྱུར་གྱི་འདེགས་སྐྱོར་འོག 2026ལོར་ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་ཐུབ་སྟེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་ཁྲོད་མཉེན་གཤིས་ཅུང་ཆེ་ཙམ་མངོན་རྒྱུ་རེད་ཅེས་བཀོད་ཡོད། དེའི་ཐད་ལ་མགྲིན་ཚབ་པས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།

    མའོ་ཉིང་གིས། འདས་མ་ཐག་པའི་2025ལོར། ཀྲུང་གོའི་དཔལ་འབྱོར་གྱིས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གང་ལེགས་བཅག་པ་དང་། གནོན་ཤུགས་ཁྲོད་མདུན་སྐྱོད་དང་། གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་བཏང་བས། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དང་ལྗང་མདོག་ནུས་རྒྱུ་ཕྱོགས་སྒྱུར་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་པ་མ་ཟད། ཕྱོགས་བསྡུས་རྒྱལ་སྟོབས་ཀྱང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་དང་ས་ཁུལ་150ལྷག་ཙམ་གྱི་ཚོང་དོན་མཉམ་ལས་རོགས་ཟླ་གཙོ་བོར་གྱུར་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་འབུལ་ཚད་30%ཡས་མས་རྒྱུན་འཁྱོངས་ཐུབ་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད་ཅེས་བརྗོད།

    ཁོང་གིས། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་རེད། “ལོ་ལྔ་ཚན་བཅོ་ལྔ་པར”རྒྱང་ལྟ་བྱེད་སྐབས། ཀྲུང་གོའི་དཔལ་འབྱོར་ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་འགྲོ་མི་སྲིད་ལ་དགེ་མཚན་ཡང་དེ་བས་མངོན་གསལ་དོད་དུ་འགྲོ་རྒྱུ་རེད། ཀྲུང་གོས“གསར་གཏོད”དང“ལྗང་མདོག”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་རྨང་གཞིར་བྱས་ཏེ། “སྒོ་དབྱེ”དང“མཉམ་སྤྱོད”ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ལ་རམ་འདེགས་བྱས་ནས། རང་བརྟེན་སྒོ་དབྱེ་དང་ལམ་ལུགས་རྣམ་པའི་སྒོ་དབྱེ་འབྱེད་རྒྱ་རྒྱུན་མཐུད་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།