ཀྲུང་ཧན་འབྲེལ་བ་ཟབ་ཏུ་འགྲོ་བའི་འཕེལ་ཕྱོགས་བཟང་པོར་ཕྱོགས་གཉིས་པོས་གཅེས་སྤྲས་བྱེད་དགོས།
ཧོ་དབྱིན།
ཟླ་1ཚེས་5ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧན་གོའི་ཙུང་ཐུང་ལི་ཙའེ་མིང་དང་གྲོས་མོལ་གནང་བ་རེད། ཟླ་བ་གཉིས་ལྷག་ཙམ་རིང་ཀྲུང་ཧན་གྱི་གཙོ་བདག་མཇལ་འཛོམས་ཐེངས་གཉིས་བྱུང་བ་མ་ཟད། ཕན་ཚུན་འཚམས་འདྲི་གནང་རེས་བྱས་པ་དེ་ཐོག་ནས་ཕྱོགས་གཉིས་པོས་ཀྲུང་ཧན་གྱི་འབྲེལ་བར་མཐོང་ཆེན་པོ་བྱེད་པ་མཚོན་གྱི་ཡོད། རྒྱལ་སྤྱིའི་སྨྱན་སྦྱོར་གྱིས་ཀྲུང་ཧན་གྱི་འབྲེལ་བའི་རྣམ་པ་གསར་པ་མངོན་བཞིན་པ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱུང་ཡོད། ཀྲུང་ཧན་གྱི་གཙོ་བདག་གིས་ཕྱི་འབྲེལ་ཐད་ནས་བརྡ་རྟགས་ཡག་པོ་བཏང་སྟེ། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་དང་རྙོག་འཛིང་ཆེ་བའི་རྒྱབ་ལྗོངས་འོག རྒྱལ་ཁབ་གཉིས་དང་དེ་བཞིན་ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན་ཡོད།
ཀྲུང་ཧན་ནི་སྤོ་ཐབས་བྲལ་བའི་ཁྱིམ་མཚེས་གལ་ཆེན་དང་ཁ་འབྲལ་ཐབས་མེད་པའི་མཉམ་ལས་རོགས་ཟླ་རེད། ཕྱོགས་གཉིས་པོས་འགྲོ་འོང་མང་ཙམ་དང་འབྲེལ་གཏུག་མང་ཙམ་བྱས་ན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་འགྲོ་བར་ཕན་ཐོགས་ཡོད། ཟླ་བ་གཉིས་ལྷག་ཙམ་གྱི་གོང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོར་རྒྱལ་དོན་འཚམས་འདྲི་གནང་ཞིང་། ཀྲུང་ཧན་གྱི་འབྲེལ་བའི་རྣམ་པ་གསར་པ་གཏོད་པའི་ཐད་གྲོས་འགོ་ཁག་4བཏོན་གནང་སྟེ། ཀྲུང་ཧན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྣེ་ཁྲིད་དེ་སླར་ཡང་ངོས་འཛིན་ངེས་གཏན་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལི་ཙའེ་མིང་རྣམ་གཉིས་པེ་ཅིང་དུ་གྲོས་མོལ་གནང་རིང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧན་གྱི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་དུ་བཞག་སྟེ། ཧན་གོར་འཛིན་པའི་སྲིད་ཇུས་མུ་མཐུད་རྒྱུན་མཐུད་དང་བརྟན་པོ་ཡོང་བ་བྱེད་ཀྱི་ཡིན་ཞེས་བསྟན་གནང་ཡོད། ཙུང་ཐུང་ལི་ཙའེ་མིང་གིས་ལོ་གསར་པ་ཤར་མ་ཐག་ཐོག་མར་ཀྲུང་གོར་འཚམས་འདྲིར་ཕེབས་པ་དེ་ཐོག་ནས་ཀྲུང་གོ་དང་འབྲེལ་བ་ཟབ་ཏུ་གཏོང་བའི་ཧན་གོ་ཕྱོགས་ཀྱི་བསམ་འདུན་བཟང་པོ་མཚོན་གྱི་ཡོད། མ་འོངས་པར་ཀྲུང་ཧན་གྱིས“འཆམ་མཐུན་རྩ་བའི་རྩེ་མོར་འཛིན་རྒྱུ”དང“བསྟུན་ཡང་གཅིག་མཚུངས་མི་བྱེད་པ”མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་ལམ་ལུགས་དང་འདུ་ཤེས་འཛིན་སྟངས་ཀྱི་ཁྱད་པར་ལས་བརྒལ་ན། ཕན་ཚུན་ལྟ་སྐྱོང་དང་ཐུན་མོང་འཕེལ་རྒྱས་ཡོང་ངེས་རེད།
ཧན་གོའི་ཁེ་ལས་མཁས་ཅན་200ལྷག་ཙམ་ལས་གྲུབ་པའི་དཔལ་འབྱོར་འཐུས་མི་ཚོགས་པ་ཙུང་ཐུང་ལི་ཙའེ་མིང་དང་ལྷན་དུ་ཀྲུང་གོར་འཚམས་འདྲིར་ཡོང་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་ཁྲོད་ནས་ཧན་གོའི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོའི་གོ་སྐབས་དམ་པོར་འཛིན་པའི་སྤྲོ་སེམས་དང་གདེང་ཚོད་གསལ་འགྲེལ་བྱས་ཡོད། ད་ཐེངས་འཚམས་འདྲི་བྱེད་རིང་། ཕྱོགས་གཉིས་པོས་ཚན་རྩལ་གསར་གཏོད་དང་། སྐྱེ་ཁམས་ཁོར་ཡུག འགྲིམ་འགྲུལ་སྐྱེལ་འདྲེན། དཔལ་འབྱོར་ཚོང་དོན་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་15ལ་མིང་རྟགས་བཀོད་ཡོད། ཧན་གོའི་སྨྱན་སྦྱོར་གྱིས་དེའི་ཐད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་སླར་གསོ་དང་འཕེལ་རྒྱས་འགྲོ་རྒྱུ་ཡིན་པ་དེ། དཔལ་འབྱོར་ཚོང་དོན་སོགས་ཀྱི་ལམ་སྲོལ་ཐོག་དངོས་སུ་དོན་འཁྱོལ་ཞིབ་ཕྲ་བྱེད་བཞིན་ཡོད་ཅེས་བསྟན་པ་རེད། ཕྱོགས་གཉིས་པོས་གཞོན་ནུ་ལོ་ཆུང་དང་། སྨྱན་སྦྱོར། ལུས་རྩལ། རིག་མཛོད། ས་གནས་སོགས་དབར་འགྲོ་འོང་བྱས་ཚེ། དྲང་ཕྱོགས་ཀྱི་དོན་བརྗོད་དེ་དམངས་ཀྱི་འདོད་ཚུལ་གཙོ་བོར་འགྱུར་བར་ཕན་པ་ཡོད་ཅེས་བསྟན་ཡོད།
མིག་སྔའི་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡག་ཏུ་འགྲོ་བ་དེ་ལས་སླ་པོར་བྱུང་བ་ཞིག་མིན་པས་ཕྱོགས་གཉིས་པོས་གཅེས་སྤྲས་ལྡབ་བརྒྱ་བྱེད་འོས་པ་ཞིག་རེད། རྒྱལ་ཁབ་གཉིས་པོས་མཛའ་གྲོགས་མཉམ་ལས་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ཡག་པོ་བྱེད་པ་དང་གཉིས་ཁེ་གཉིས་ཕན་གྱི་དམིགས་ཡུལ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཡང་དག་པའི་ལམ་བུ་བརྒྱུད་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ཏན་ཏིག་བཏང་ནས། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་དགོས།
འབྲེལ་ཡོད་གསར་འགྱུར།