དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རི་བོ་གངས་དཀར་འཛེགས་པའི་ཚ་རླབས་འཕྱུར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-10

    གནམ་གཤིས་གྲང་ངར་ཤིན་ཏུ་ཆེ་ནའང་། གངས་དཀར་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། གངས་རི་འཛེགས་པའི་ཚ་རླབས་ཤིག་ངང་གིས་འཕྱུར། རྒྱལ་ཡོངས་ས་ཆ་ཁག་ནས་ཡོང་བའི་གངས་འཁྱགས་ལུས་རྩལ་ལ་དགའ་ཞེན་ཡོད་མཁན་ཚོས་རི་འཛེགས་སྒྲིག་ཆས་སྣ་ཚོགས་ཁུར་ཏེ་རྡོག་ཐོན་གྱི་གྲ་སྒྲིག་ཨང་བསར་བྱས་ནས“མི་ཚེའི་ནང་གི་གངས་རི་དང་པོ”དེ་འཛེག་རྩིས་བྱེད་བཞིན་ཡོད།

    རི་བོ་གངས་དཀར་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་དུ་གནས་ཤིང་མདོ་ལ་རིང་མོའི་རི་རྒྱུད་ཀྱི་ཤར་མཚམས་ཀྱི་རི་བོ་མཐོ་ཤོས་དེ་རེད།

    “མི་ཚེའི་ནང་གི་གངས་རི་དང་པོ”ཞེས་འབོད་དོན་གང་ཡིན་ཞེ་ན། གངས་རིར་འཛེགས་པའི་ཀྱག་ཀྱོག་གི་ལམ་བར་དུ་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཤིང་ཧའེ་ཡིས་གསར་འགོད་པར་གངས་རི་དེ་སྐད་གྲགས་ཆོད་པའི་རྒྱུ་མཚན་གླེང་། དེ་ཡང་རི་བོ་གངས་དཀར་གྱི་རི་མགོ་མཐོ་ཤོས་ཀྱི་ས་བབ་སྨི་5254.5ཟིན་པ་དང་། དེའི་འགྲམ་གྱི་རི་བོ་གཉིས་ཀྱི་སས་བབ་སྨི་5150དང་སྨི་5005སོ་སོར་ཟིན་གྱི་ཡོད་པས་ཆེད་ལས་རི་འཛེག་མཁན་གྱིས“སྨི་5000རིམ་པའི་གངས་རི་འཛེགས་པའི་གདམ་ག་ཡག་ཤོས”ཞེས་འབོད་པ་དང་། རི་འཛེགས་ལམ་ཐིག་གི་ས་བབ་འཕར་ཚད་དེ་ཅུང་བརྟན་པོ་ཡོད་པས་ཡུལ་སྐོར་བར་གནམ་གཤིས་དང་གསོ་རླུང་དཀོན་པོར་རིམ་གྱིས་གོམས་པར་བྱེད་པའི་བརྒྱུད་རིམ་ཞིག་ཡོད་པ། དེ་མིན་གློག་བརྙན《རི་འཛེག་མཁན》ཞེས་པའི་པར་གཞི་དེ་ནས་བླངས་པས་དྲ་ཐོག་ཏུ་སྐད་གྲགས་ཡོད་པ། “རྒྱལ་ཁབ་གངས་ཤུད་རི་འཛེགས་སྦྱོང་བརྡར་རྟེན་གཞི”ཞེས་མིང་བཏགས་པ་སོགས་ཧ་ཅང་མང་།

    ལོ་30ལ་སླེབས་པའི་ཝང་ཆིང་ནི་ཐེན་ཅིན་ནས་ཡིན་པ་དང་གསར་འགོད་པར་ཁོང་འཕྲད་སྐབས་ཁོང་གིས་རི་རྩེར་འཛེགས་པའི་མཐའ་མའི་གྲ་སྒྲིག་བྱེད་བཞིན་འདུག ཁོ་མོ་ཕྱོགས་ཐོན་ལུས་རྩལ་ནང་ཞུགས་ནས་ལོ་བདུན་ཙམ་སོང་བ་དང་དེའི་རིང་སི་ཁྲོན་ནུབ་རྒྱུད་དང་ལི་ཅང་དུ་འགྲོ་མྱོང་ཡོད་ལ། “འཛམ་གླིང་ཡང་རྩེར”གྲགས་པའི་བོད་དུའང་རྐང་ཐང་མར་འགྲོ་མྱོང་ཡོད། འོན་ཀྱང་ཁོང་གི་སེམས་སུ་རི་བོ་གངས་དཀར་ལ་འཛེགས་པའི་འདུན་པ་བཅངས་ནས་ཡུན་རིང་སོང་ཡོད། ས་བབ་སྨི་4530ཟིན་པའི་རི་བོ་གངས་དཀར་སྒར་ས་ཆེན་མོར་འཛོམས་རྗེས་ཁོང་དང་རུ་གྲོགས་ཚོས་འཁྱགས་རོམ་ཐོག་འགྲོ་སྐྱོད་བྱེད་སྟངས་དང་ཚོགས་སྒྲིག་མཉམ་ལས་བྱེད་སྟངས་སོགས་ཀྱི་རྨང་གཞིའི་སྦྱོང་བརྡར་བྱས།

    “རི་བོ་གངས་དཀར་ནི་རྒྱལ་ནང་ནས་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་དང་ཐག་ཉེ་ཤོས་ཀྱི་གངས་རི་ཡིན་པ་དང་གནས་ཡུལ་གྱི་ལེགས་ཆ་བཟང་པོ་ལྡན་པས་ཡུལ་སྐོར་བ་འགྲོ་སྐྱོད་བྱེད་པར་སྟབས་བདེ་པོ་ཡོད”ཅེས་འཇུ་ལག་རྫོང་གི་རྫོང་དཔོན་མིང་ཐུང་ཀུང་གིས་དེ་ལྟར་བཤད། རི་བོ་གངས་དཀར་ཉིད་དགུན་དུས་ས་མཐོར་ཡུལ་སྐོར་བྱེད་ས་རྩེ་གྲའི་གྲས་ཤིག་ཏུ་གྱུར་ཡོད་ཅིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོར་རི་བོ་གངས་དཀར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་95.86ལ་སྣེ་ལེན་ཞུས་པས། ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་7189.5བྱུང་བ་དང་2026ལོའི་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་2.45ལ་སྣེ་ལེན་ཞུས་པ་རེད།

    ལོ་40ལ་སླེབས་པའི་མཱ་ཐེན་མིང་ནི་འཇུ་ལག་རྫོང་སྡེ་བརྒྱད་དེའུ་འབུར་གྲོང་རྡལ་འགག་ལུང་ཞོལ་མའི་ཞིང་པ་ཡིན་ཞིང་། དེ་སྔོན་ལོ་འཁོར་མོ་ཧོ་པེ་དང་ཅང་སུའུ་སོགས་སུ་ཞོར་ལས་བྱས་ནས་ཡོང་འབབ་གསོག་གི་ཡོད་པས་ལོ་གཅིག་ནང་ཁྱིམ་དུ་ལོག་པའི་གོ་སྐབས་ཧ་ཅང་དཀོན། 2017ལོ་ནས་བཟུང་ཁོང་གིས་སྲབ་མདའ་ལག་ཏུ་བཟུང་ནས་རི་འཛེགས་ནང་ཞུགས་མཁན་དམིགས་བསལ་བ་ཞིག་ཏུ་གྱུར། རིར་འཛེགས་པའི་ལམ་བུ་མང་ཆེ་བ་གངས་འཁྱག་གཡང་གཟར་ཡིན་པས་ཆེད་ལས་འགྲན་བསྡུར་གཉེར་སྐབས་ཁོང་དང་དྲེལ་པ་གཞན་དག་ཚོས་རུ་མིའི་རྡོག་ཁྲེས་དབོར་བའི་ལས་འགན་སྒྲུབ་ཀྱི་ཡོད།

    རྟ་རྣམས་གྲལ་སྟར་འགྲིག་པོ་ཡོང་བ་བྱ་ཆེད། རི་ལ་འཛེགས་རིམ་བཞིན་ཁོང་ཚོས་རྗེས་ཀྱི་རྟ་རྣམས་མདུན་གྱི་རྟའི་རྔ་མར་བསྡམས་ཀྱི་ཡོད། ཁ་བས་བཀླུབས་པའི་རི་བོ་གངས་དཀར་གི་ཐོག་ཏུ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་རྐང་རྗེས་རེ་རེ་མཐོང་རྒྱུ་ཡོད་ཅིང་། དེ་དག་ནི་གངས་རི་དང་ཕྱི་རོལ་འཛམ་གླིང་གི་འབྲེལ་ཐག་གལ་ཆེན་ཞིག་ཏུ་གྱུར་ཡོད།

    མཱ་ཐེན་མིང་གིས་ད་ཆ་ཁོང་ཚོས་ད་དུང་ཁེར་བགྲོད་ཡུལ་སྐོར་བར“རྟ་བཞོན་རི་འཛེགས”ཀྱི་ཞབས་ཞུ་མཁོ་འདོན་བྱས་པས་ཟླ་རེར་ཡོང་འབབ་སྒོར་5000ལྷག་ཡོང་གི་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། རི་བོ་གངས་དཀར་དུ་མཱ་ཐེན་མིང་དང་འདྲ་བའི་ལས་ཀ་བྱེད་མཁན་མི་200ལྷག་ཡོད་པ་རེད།“རྟ་ཁྲིད་དཔལ་འབྱོར”ཡང་ཡུལ་དེའི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་པ་དང་ལས་རྣམ་དེས་དགུན་དུས་ལས་མེད་རྟ་པོར་ལས་ཀ་བསྐུལ་ནས་ཡུལ་དེའི་ཞིང་འབྲོག་པའི་ཡོང་འབབ་འཕར་བར་སྐུལ་ཁྲིད་ཤུགས་ཆེན་ཐུབ་ཡོད།

    ལོ་འགའ་ཤས་སྔོན་དུ། རི་བོ་གངས་དཀར་དུ་རྒྱལ་སྤྱིའི་གངས་ཤུད་རི་འཛེགས་སྤེལ་རེས་འདུ་ཚོགས་ཆེ་མོ་གཉེར་བར་འཛམ་གླིང་ཀུན་གྱི་དོ་ཁུར་ཐོབ་ཡོད། ཨ་རི་དང་། འཇར་མན། ཧྥ་རན་སེ། དབྱི་ཐ་ལི། ཧན་གོ ཁ་ན་ཏ་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་གངས་ཤུད་རི་འཛེགས་ལ་དགའ་ཞེན་ཡོད་མཁན་རྣམས་འདུ་ཚོགས་གཟབ་རྒྱས་འདིར་ཞུགས་པར་སླེབས་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་8ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།