དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཨན་ཧུའེ་པོ་ཀྲོའུ་གྲོང་ཁྱེར་ལི་ཤིན་རྫོང་གི་སློབ་འབྲིང་དང་པོའི་དགེ་རྒན་ཧོའུ་ཁྲུན་ཀོང་གིས་སློབ་སྐྱོར་ཕུགས་བསམ་མངོན་འགྱུར་བྱ་ཆེད་དུས་དང་རྣམ་པ་ཀུན་ཏུ་རྡོག་ཐོན་གྱི་གྲ་སྒྲིག་ཨང་བསར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-10

    ཧོའུ་ཁྲུན་ཀོང་ཐོག་མར་འཕྲད་སྐབས་ཨན་ཧུའེ་ཞིང་ཆེན་པོ་ཀྲོའུ་གྲོང་ཁྱེར་ལི་ཤིན་རྫོང་གི་སློབ་འབྲིང་དང་པོའི་རྫས་འགྱུར་རིག་པའི་དགེ་རྒན་ཡིན་པའི་ཁོང་བློ་བག་ཧ་ཅང་ཡངས་ལ་ཁ་བཟོ་འཕེར་པོ་འདུག སྐད་ཆ་ཡུན་རིང་པོ་བཤད་ཚེ་དབུགས་འབྱིན་རྔུབ་དཀའ་བའི་ཚོར་སྣང་ཞིག་སྦྱིན།

    2025ལོའི་ཟླ་བདུན་པར་ཧོའུ་ཁྲུན་ཀོང་བོད་སྐྱོར་སློབ་སྐྱོར་བྱེད་མཇུག་འགྲིལ་ནས་ལི་ཤིན་དུ་ལོག་མ་ཐག་ཡིན་སྟབས་ས་མཐོར་ཡུན་རིང་འཚོ་བ་བསྐྱལ་བའི་རྐྱེན་གྱིས་ཁོང་གི་ལུས་ཁམས་ཅུང་མི་བདེ་བར་གྱུར་ཞིང་། ད་ཆ་སློབ་ཚན་ཚོགས་སྐབས་ཁོང་གིས་སྒྲ་སྐྱེད་ཡོ་ཆས་བཏགས་ནས་སློབ་ཚན་ཁྲིད་ཀྱི་ཡོད། ཧོའུ་ཁྲུན་ཀོང་གིས“གཟུགས་པོ་མི་བདེ་བ་ཕྲན་བུ་ཡོད་རུང་ག་ལེར་དྲག་ཏུ་འགྲོ་ངེས་རེད། ས་མཐོར་སློབ་སྐྱོར་བྱེད་པའི་ཉམས་མྱོང་ནི་དེ་བས་རིན་ཐང་བྲལ”ཞེས་བཤད།

    2010ལོར་ཨན་ཧུའེ་ཞིང་ཆེན་གྱིས་ཤིན་སྐྱོར་སློབ་སྐྱོར་དགེ་རྒན་གཏོང་རྩིས་བྱེད་སྐབས་ལི་ཤིན་རྫོང་ལ་རྫས་འགྱུར་རིག་པའི་དགེ་རྒན་འདེམས་གཏོང་གི་མིང་སྐལ་ཡོད་པ་རེད། གནས་ཚུལ་དེ་ཐོས་རྗེས་ཧོའུ་ཁྲུན་ཀོང་གིས་མཐའ་མཚམས་རྒྱང་རིང་ས་ཁུལ་དུ་སློབ་སྐྱོར་བྱེད་པར་འགྲོ་རྒྱུའི་མིང་ཐོ་བཀོད། 2022ལོའི་ཟླ་བརྒྱད་པར་ཁོང་གིས་སླར་ཡང་བོད་སྐྱོར་གྱི་འབོད་སྐུལ་དང་ལེན་བྱས་པ་དང་བློ་ཐག་ཆོད་པོས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སློབ་འབྲིང་གཉིས་པར་བསྐྱོད།

    ཤིན་སྐྱོར་དང་མི་འདྲ་བར་བོད་སྐྱོར་གྱི་ལམ་ཐག་དེ་བས་རིང་བ་དང་ས་བབ་དེ་བས་མཐོ་བས་ཧོའུ་ཁྲུན་ཀོང་གནམ་གྲུ་ལས་བབས་མ་ཐག་ལ་དུག་ཕོག དེ་ལྟར་ནའང་ཧོའུ་ཁྲུན་ཀོང་གིས་བློ་གཅིག་སེམས་གཅིག་གིས་སློབ་ཁྲིད་ལས་ལ་གཞོལ་བ་དང་སྐབས་དེ་དུས་ཁོང་ནི་དགེ་རྒན་གྱི་ལས་གནས་ཐོག་ལོ་10ལྷག་ཙམ་སོང་བའི་རྫས་འགྱུར་རིག་པའི་དགེ་རྒན་བསླབ་པ་རྒན་གྲས་ཤིག་ཡིན་པ་དང་ཉམས་མྱོང་བཟང་པོ་མི་ཉུང་བ་ཞིག་གངས་ལྗོངས་ས་མཐོར་ཁྱེར་ཡོད།

    མཐོ་འབྲིང་གསུམ་པའི་སྐབས་ཕྲུ་གུ་ཚོར་བསྐྱར་སྦྱོང་གི་ཕན་འབྲས་ལེགས་སུ་གཏོང་ཆེད་ཧོའུ་ཁྲུན་ཀོང་གིས་དཀའ་ཚད་མི་འདྲ་བའི་སྦྱོང་ཚན་ལེགས་འདེམས་བྱས་ཏེ་རྒྱུགས་གཞི་བཟོས་ནས་ཚང་མར་སྤྲད། ཁོང་གིས“ས་གནས་དེ་གའི་སྦྱོང་ཚན་གྱི་དཔྱད་གཞི་མང་པོ་མེད་སྟབས་འདྲི་གཞི་ཕལ་ཆེ་བ་རང་ཉིད་ཀྱིས་རེ་རེ་བཞིན་བཙལ་བ་ཡིན”ཞེས་བཤད་པ་དང་ལོ་དེའི་མཐོ་རྒྱུགས་སྐབས་ཁོང་གིས་ཁྲིད་པའི་འཛིན་གྲྭར་སློབ་གྲྭ་དེའི་ལོ་རྒྱུས་ཐོག་གི་སྦྱངས་འབྲས་ཡག་ཤོས་ཐོབ་པ་རེད།

    བོད་སྐྱོར་བྱེད་རིང་། ཧོའུ་ཁྲུན་ཀོང་གིས་ད་དུང་ལྷོ་ཁ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་གི་རྫས་འགྱུར་རིག་པའི་དགེ་རྒན་དང་སློབ་དཔྱོད་པའི་འགན་གཅིག་ལྕོགས་འཁུར་ཞིང་། ཆེད་དོན་བརྟག་ཞིབ་དང་། དཔེ་སྟོན་སློབ་ཚན། སློབ་ཚན་ཉན་པ་དང་དཔྱད་བརྗོད་བྱེད་པ་སོགས“བརྒྱུད་རོགས་ཁྲིད”གསུམ་བྱས་ཏེ་ས་གནས་དེ་གའི་གཞོན་ནུ་དགེ་རྒན་གྱི་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་པ་རེད།

    ཧོའུ་ཁྲུན་ཀོང་གིས“སློབ་གསོར་རོགས་སྐྱོར་བྱ་རྒྱུ་ནི་ངའི་ཕུགས་འདུན་ཡིན། ལས་དོན་དེར་དཀའ་ཚེགས་ཆེན་པོ་ཡོད་མོད། འོན་ཀྱང་དེ་དག་ཚང་མ་མི་ཚེའི་ནང་གི་རྩ་ཆེའི་ཉམས་མྱོང་ཡིན། གལ་ཏེ་ད་དུང་གོ་སྐབས་བྱུང་ཚེ་ངས་ཕུགས་བསམ་ཆེད་སླར་ཡང་རྡོག་ཐོན་བྱེད་ངེས་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།