དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲི་གྲོང་ཁྱེར་གྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་མྱུར་ཚད་དང་དྲོ་སྐྱིད་ལྡན་པ།

    ཉིན་ཕྱེད་མ་འགོར་ལས་གཉེར་ལག་ཁྱེར་རག སྤུས་ལེགས་དངོས་ཟོག་གོ་ལ་ཧྲིལ་པོར་ཁྱབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-10

    ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཁེ་ལས་ལ་སྟབས་བདེ་དང་དམངས་ལ་ཕན་བདེ་སྐྲུན་པ་དང་། འགག་ས་གཤོང་བ། སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ཁ་ཕྱོགས་ཆེན་པོ་གསུམ་ལ་དམིགས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་གཞི་རྟེན་དུ་བྱེད་པ་དང་། འཁོར་རྒྱུག་ཐབས་ལམ་གཏོད་རྒྱུ་རྩ་བར་འཛིན་པ། གཞུང་དྲང་འགྲན་རྩོད་ལ་ཤུགས་སྣོན་རྒྱག་རྒྱུ་རྨང་གཞིར་བྱེད་པ་བཅས་བྱས་ནས། ཁྲོམ་རའི་གྲུབ་ཆ་མང་དུ་གཏོང་བ་དང་། འཁོར་རྒྱུག་གི་ཐབས་ལམ་བཤངས་པ། འགྲན་རྩོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་བྱེད་པའི་འགྲོ་ལམ་ཐོག་མགྱོགས་ལ་བརྟན་པོར་སྐྱོད་ཡོད།

    སྲིད་དོན་ཞབས་ཞུའི་མྱུར་ཚད་མགྱོགས་སུ་བཏང་ནས་ཚོང་གཉེར་ལ་མཐུན་རྐྱེན་བསྐྲུན་པ།

    ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་འགྲོ་ལུགས་གཉེར་མ་ཐག་པའི་ལས་གཏོད་པ་བཀྲ་ཤིས་ཀྱིས་མཐེ་བོང་བསྒྲེངས་ནས་ལས་གཉེར་གྱི་སྟབས་བདེའི་རང་བཞིན་ལ་བསྔགས་བརྗོད་བྱས། ཉིང་ཁྲི་གྲོང་ཁྱེར་གྱིས་ཁེ་ལས་གཉེར་བར“སྐར་ཁུང་གཅིག་ནས་ཀུན་སྒྲུབ་དང་དྲ་གཅིག་ཀུན་སྒྲུབ”ཀྱི་བྱེད་ཐབས་ཕྱོགས་ཡོངས་སུ་ཁྱབ་གདལ་བཏང་སྟེ། རང་འདེམས་རིག་ནུས་འཕྲུལ་ཆས་14གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པར་བྱས་ནས་ཞིབ་མཆན་འགྲོ་ལུགས་གཉེར་མགྱོགས་སུ་ཕྱིན་ཡོད། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་དགོས་མཁོར་དམིགས་ནས《ཕྱི་རྒྱལ་ཚོང་པ་བོད་དུ་ཡོང་ཆོག་པའི་ལམ་ཡིག》གི་ཐོག་མའི་ཞིབ་མཆན་ལ“དམིགས་བསལ་ལས་དོན་དམིགས་བསལ་ངང་སྒྲུབ་པའི”བྱེད་སྟངས་སྤྱད་དེ། དོན་དག་གཙོ་གནད་ཉིན་གཅིག་ནང་བསྒྲུབས་ཚར་བ་བྱས་ནས་ཕྱི་རྒྱལ་ཚོང་པར་ཤར་གཏོང་བགྲོད་ལམ་བཏོད་ཡོད་པ་རེད།

    དེ་བས་སྙིང་ཉེའི་ཞབས་ཞུའི་བྱེད་རྒྱ་མུ་མཐུད་ཆེ་རུ་སོང་ཞིང་། ལྗོངས་ཡོངས་ཀྱི“ཁེ་ལས་མཁས་པའི་ཁྱིམ”གྱི་ལས་སྟེགས་ཐོག་མར་བཏོད་ནས། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཁག་175གནད་སྨིན་ངང་བཏོན་པ་དང་། “དོན་དག་རིགས་གཅིག་ཐེངས་གཅིག་ལ་སྒྲུབ་པའི”ཞབས་ཞུའི་གསལ་ཐོ་ཁག་22སྟབས་བདེ་རུ་བཏང་བ། “ལག་ཁྱེར་མི་དགོས་པའི་གྲོང་ཁྱེར”སྒྱུར་བཅོས་དོན་འཁྱོལ་བྱས་ཡོད།

    འཁོར་རྒྱུག་ཐབས་ལམ་ཤར་གཏོང་ཐུབ་ནས་ཡུལ་ཟོག་ཕྱོགས་གང་སར་བྲིན་ཁ་རྒྱུག་པ།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི“འཁོར་རྒྱུག་ཆུང་ངུ”ཤར་གཏོང་ཐུབ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས“རྫོང་རིམ་དབྱེ་གསེས་ལྟེ་གནས་དང་། ཤང་དང་གྲོང་རྡལ་གྱི་བརྒྱུད་སྐྱེལ་ས་ཚིགས། གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས”བཅས་རིམ་གསུམ་ཟོག་འགྲུལ་དྲ་བ་བཙུགས་ནས། སྦྲག་ལམ་98ཀྱིས་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཐུད་བྱེད་ཟབ་ཏུ་བཏང་བ་དང་། གྲོང་ཚོའི་སྦྲག་བསྐུར་བརྒྱུད་སྐྱེལ་ས་ཚིགས་436གིས་བསྐུར་མ་ཞིང་ནང་དང་མུ་ཁར་ཐད་ཀར་བསྐྱལ་བས་ལོར་གྲོང་ཚོར་བསྐུར་མ་འབྱོར་ཚད་ཁྲི་132.82ཟིན་ཡོད།

    ཡུལ་ཟོག་ཕྱིར་འཚོང་ལམ་བུ་ཡངས། སྤུས་ལེགས་ཚོང་ཟོག་བྲིན་ཁ་རྒྱུག ཉིང་ཁྲི་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་1257བཏང་ནས་ཞིང་ལས་ཐོན་རྫས“ཉིང་ཁྲི་དང་བོད་ནས་གཏོང་བའི”བསྐུར་གླར་སྤྱད་དེ། བྲིན་འཚོང་ཡོང་འབབ་སྒོར་དུང་ཕྱུར་1.18ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་པ་དང་། ལྗོངས་ཕྱི་ནང་གི་འགྲེམས་ཚོགས་13གྱིས་སྦྲེལ་ཟམ་བཏོད་དེ་བྲིན་འཚོང་ཡོང་འབབ་སྒོར་ཁྲི་364བཏོད་པ། སྒོར་ཁྲི་1335ཟིན་པའི་འདོད་མཐུན་མངགས་ཐོས་བོད་ཀྱི་སྤུས་ལེགས་དངོས་ཟོག་དག་མི་སྔར་བས་མང་བས་ཤེས་པར་བྱས་ཡོད། ད་ཆ་ཁ་ཆེ་ཤ་སྐམ་དང་། མིའི་ཐབས་ཕ་ལམ་ཕྱེ་ཞིབ་སོགས་ཐོན་རྫས་སྣ་ཁ་ལྔ་དབྱི་ཐ་ལི་དང་རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ་དུ་འཚོང་གི་ཡོད་པ་དང་། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཐད་གཏོང་བྱེད་ཐེངས་དང་པོས་བྲིན་འཚོང་ཡོང་འབབ་སྒོར་ཁྲི་243བྱུང་ནས་ཉིང་ཁྲིའི་ཁྱད་ལྡན་ཐོན་རྫས་ཀྱི་བྲིན་འཚོང་ཐབས་ལམ་ཡངས་པོར་ཕྱེ་ཡོད།

    དྲང་གཞག་ལྟ་འདོམས་ཀྱིས་ཁོར་ཡུག་བསྲུངས་ནས་ཁྲོམ་རའི་སྒྲིག་ལམ་ཡག་པོ་ཡོང་བར་བྱས་པ།

    “སྲིད་ཇུས་ཀྱིས་ཞིབ་བཤེར་ལ་གཅིག་དཔེ་བརྒྱ་འགེབས་བྱེད་ཀྱི་མེད་ལ། ཁྲིམས་སྒྱུར་བྱེད་ཐབས་ནན་པས་ང་ཚོ་བློ་བདེ་པོས་ཚོང་རྒྱག་ཆོག་གི་འདུག”ཅེས་ཡུལ་དེའི་ཚོང་པ་ལྷ་མོས་བཤད། ཉིང་ཁྲི་གྲོང་ཁྱེར་གྱིས་གཞུང་དྲང་འགྲན་རྩོད་ཀྱི་ཐོག་མའི་ཞིབ་བཤེར་གྱི་ཇུས་གཞི་བཟོས་ནས་ལོ་བཞི་བསྟུད་མར་ཕྱོགས་གསུམ་པའི་དཔྱད་དཔོག་བྱེད་ཐབས་སྤྱད་ཏེ་འབྱུང་རྩ་ནས་ཁྲོམ་རའི་ཁོར་ཡུག་ཚད་ལྡན་དུ་བཏང་ཡོད། སྨན་རྫས་དང་། ཡུལ་སྐོར། པུར་སྐྱེལ་དུར་སྦེད་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་སྒེར་སྡེམ་དང་ཚུལ་མིན་འགྲན་རྩོད་ལ་རྒོལ་བའི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། གཉེར་སྐྱོང་བྱེད་པོ་དང་སྨན་རྫས་སྒྲིག་གཞི་སོགས་ལ་ཞིབ་བཤེར་ཁག་ཐེངས་249བྱས་ནས་གནད་དོན་ཁག་4གྱོད་དོན་ཐོ་འགོད་བྱས་ཏེ་ཁྲོམ་ར་ཡོངས་ལ་གཞུང་དྲང་དྲང་བདེན་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།