དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་མཚོ་སྔོན་གྱི་ཞིམ་ཟས་ལ་སྤུས་རྟགས་མཚོན་རྟགས་འཚོལ་བསྡུ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-09

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་5ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་གོ་ལ་ཧྲིལ་པོར་ཕྱོགས་ནས་ཡོངས་བསྒྲགས་ངང་སྤུས་རྟགས་མཚོན་རྟགས(LOGO)ཀྱི་ཇུས་འགོད་ཇུས་གཞི་འཚོལ་བསྡུ་བྱས་པ་དང་། དེའི་དམིགས་ཡུལ་ནི་མཚོ་སྔོན་གྱི་ཞིམ་ཟས་རིག་གནས་ཀྱི་ནང་དོན་ཟབ་མོ་སྔོག་འདོན་བྱས་ནས་ས་མཐོའི་བཟའ་བཏུང་གི་ཡིད་དབང་འཕྲོག་ཤུགས་དང་ལྗང་མདོག་ཟས་རིགས་ཀྱི་རིན་ཐང་མངོན་པ་དང་། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་རམ་འདེགས་བྱས་ཏེ། འཛད་སྤྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་རྒྱུ་དེ་རེད།

    ད་ཐེངས་ཀྱི་འཚོལ་བསྡུའི་བྱེད་སྒོ་དེ་ཟླ་2ཚེས་5ཉིན་མཇུག་འགྲིལ་རྒྱུ་ཡིན་ཞིང་། ཇུས་འགོད་ཐད་མཚོ་སྔོན་གྱི་མཚོན་བྱེད་རང་བཞིན་གྱི་གཞི་རྒྱུ་འདྲེས་ནས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་ནང་དོན་དང་། “ཁྱིམ་གྱི་གསོལ་སྟོན”གྱི་ལྟེ་བའི་ནང་དོན་ཏེ་མཚོ་སྔོན་གྱི་སྐྱེ་ལྡན་ཟས་རིགས་ཀྱི་ལེགས་ཆ། “མཚོ་སྔོན་གྱི་བྲོ་བའི”གདོད་མའི་རྣམ་པ་དང་དམིགས་བསལ་རང་བཞིན། “ཁྱིམ”གྱི་དྲོ་སྐྱིད་དང“གསོལ་སྟོན”གྱི་གཟབ་རྒྱས་བཅས་མངོན་དགོས་པ་མ་ཟད། མཚོ་སྔོན་གྱི་ས་གནས་དེ་གའི་རང་བྱུང་དང་། སྐྱེ་ཁམས། མི་ཆོས་རིག་གནས་སོགས་ཀྱི་རྣམ་པ་དང་ཟུང་འབྲེལ་གྱིས་ལོ་རྒྱུས་དང་། རིག་གནས། མི་རིགས་མང་བ་སོགས་ཀྱི་གཞི་རྒྱུ་དང་མཉམ་འདྲེས་བྱས་ཏེ་དྲོ་སྐྱིད་དང་ཞི་མཐུན་ལྡན་པའི་རྣམ་པ་བརྒྱུད་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    བརྩམས་ཆོས་ལ་སྲོལ་རྒྱུན་གྱི་ནང་དོན་དང་དེང་རབས་ཀྱི་མཛེས་དཔྱོད་གཉིས་ཀ་ལྡན་དགོས་ཤིང་། སྟབས་བདེ་ལ་མཐོང་འདོད་པ་དང་དབྱེ་བ་འབྱེད་སླ་པོ་དགོས་པ་དང་། བཟའ་བཏུང་ཚོང་ཁང་དང་། ཐུམ་སྒྲིལ་ཇུས་འགོད། དྲིལ་བསྒྲགས་བརྙན་ལམ། རིག་གནས་བསམ་བཀོད་ཐོན་རྫས་སོགས་ཀྱི་རྣམ་པ་མང་པོའི་ཁྲོད་སྤྱོད་རྒྱུར་འཚམ་དགོས། བྱ་དགའ་ཐོབ་རྗེས་ཀྱི་LOGOསྤུས་རྟགས་དེ་ཉིད་དང་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ཆ་འཕྲིན་ལྟེ་གནས་སུ་ཡོད་པའི་ཡི་གེའི་པར་དབང་མཉམ་འདྲེས་གསར་གཏོད་བྱས་ནས་ཕྱོགས་བསྡུས་སྤུས་རྟགས་གཏོད་རྒྱུ་རེད།

    མཚོན་རྟགས་བརྩམས་ཆོས་སྐུར་སའི་གློག་རྡུལ་ཡིག་སྒམ་ནི་xnwb001@163.comཡིན་པ་རེད།

    བྱེད་སྒོ་གཉེར་མཁན་ཚན་པས་རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་ཚོགས་པ་སྒྲིག་འཛུགས་བྱས་ནས་དཔྱད་འདེམས་བྱེད་རྒྱུ་ཡིན་ཞིང་། གསེར་གྱི་བྱ་དགའ་1དང་། དངུལ་གྱི་བྱ་དགའ་2བཀོད་སྒྲིག་བྱས་ནས་ཇུས་འགོད་གྲོན་དངུལ་སྒོར་8000དང་2000སོ་སོར་སྤྲོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།