འཛད་ཟོག་རྙིང་པ་གསར་པར་བརྗེ་རིང་རིམ་པ་དང་པོའི་ནུས་འབྲས(ཆུ་ནུས)ཁྱིམ་སྤྱོད་གློག་ཆས་ཀྱིས་བཟུང་བའི་བསྡུར་ཚད་བཅུ་ཆ་དགུ་ལྷག་ཙམ་ཟིན་པ།
ལྗང་མདོག་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བ།
ཉེ་ཆར། ཚོང་དོན་པུའུ་སོགས་སྡེ་ཚན་9ཡིས《ལྗང་མདོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ནས། ལྗང་མདོག་འཛད་སྤྱོད་ཀྱི་ཕྲེང་སྦྲེལ་ཧྲིལ་པོར་དམིགས་ནས་ཕྱོགས་7ཐད་ཀྱི་བྱེད་ཐབས་ཁག་20ཁ་གསལ་བཟོས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཟླ་1ཚེས་6ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཚན་གྱིས་ལྗང་མདོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཧྲེང་ཆིའུ་ཕིང་གིས་ངོ་སྤྲོད་བྱས་དོན། ཚོང་དོན་པུའུ་ཡིས་གཞི་ཁྱོན་ཆེ་བའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དེ་ལྗང་མདོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་དུ་བརྩིས་ཤིང་། 2024ལོ་ནས་2025ལོའི་བར། རླངས་འཁོར་རྙིང་པ་ཁྲི་1830གསར་པར་བརྗེ་བའི་ཁྲོད་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་60%ཙམ་ཟིན་པ་དང་། ཁྱིམ་སྤྱོད་གློག་ཆས་རྙིང་པ་དུང་ཕྱུར་1.92གསར་པར་བརྗེ་བའི་ཁྲོད་རིམ་པ་དང་པོའི་ནུས་འབྲས(ཆུ་ནུས)ཀྱིས་བཟུང་བའི་བསྡུར་ཚད་90%ཡན་ཟིན་པ། རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱིས་འཛད་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་3.92ཟིན་པར་སྐུལ་ཁྲིད་བྱས་པ་དེས་འཛད་སྤྱོད་པ་མི་ཐེངས་དུང་ཕྱུར་4.94ལ་ཕན་པ་ཐོབ་ཡོད་པ་རེད།
ལྗང་མདོག་མཁོ་སྤྲོད་འཁོར་འབྲེལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལྗང་མདོག་འཁོར་རྒྱུག་མ་ལག་བསྐྲུན་ཞིང་། ཀྲུང་གོའི་མཛོད་ཉར་དང་སྡེབ་སྐྱེལ་མཐུན་ཚོགས་ཀྱིས་ཚོད་རྩིས་བརྒྱབ་པར་གཞིགས་ན། མངགས་བཅོལ་སྐྱེལ་འདྲེན་ལས་འདོན་འཇུག་དུས་ཚོད་80%ཇེ་ཐུང་དུ་ཕྱིན་པ་དང་། ཟོག་སྐྱོན་ཤོར་ཚད་50%ཡན་ཆག་པ། མཁོ་སྤྲོད་འཁོར་འབྲེལ་གྱི་མ་གནས་20%ཙམ་ཆག་པ་བཅས་རེད། མིག་སྔར། རྒྱལ་ཡོངས་སུ་སྡེར་མ་ཁྲི་5000ཙམ་འཁོར་སྐྱོད་མཉམ་སྤྱོད་བྱས་པ་དང་ཚོད་དཔག་རག་ཙམ་བྱས་ན་སྡེར་མ་སྤྱོད་གཅིག་མ་དུང་ཕྱུར་2.5གྲོན་ཆུང་ཐུབ་པ་དེ་ནི་ཤིང་སྡོང་ཁྲི་5000གཅོད་མི་དགོས་པ་བྱུང་བ་དང་ཐཱན་འབུད་ཚད་ཏུན་ཁྲི་200ཡན་ཉུང་དུ་སོང་བ་དང་མཚུངས་ཀྱི་ཡོད། ཚོང་དོན་པུའི་འཁོར་རྒྱུག་ལས་རིགས་འཕེལ་རྒྱས་སིའི་སི་ཀྲང་ལི་ཅ་ལུའུ་ཡིས་ཚོང་དོན་པུས་ཚོང་དོན་ཁྱབ་ཁོངས་ཀྱི་འགྱིག་རྫས་སྤྱོད་གཅིག་མ་བེད་སྤྱོད་ཉུང་གཏོང་དང་། ཚབ་བྱེད་ཐོན་རྫས་ཁྱབ་གདལ། གཙོ་གནད་ལས་རིགས་བཅོས་སྐྱོང་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་འགྱིག་ཤོག་སྦགས་བཙོག་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་སྟེ། 2025ལོའི་ལོ་སྟོད་དུ་ཁོར་ཡུག་སྲུང་སྐྱོང་གི་ཚབ་བྱེད་དངོས་རྫས་སྤྱོད་ཚད་ལོ་གོང་མ་ལས་26.31%འཕར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ལྗང་མདོག་འཁོར་རྒྱུག་ཚུར་བསྡུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་བཏང་ཞིང་། 《ཉིས་བརྒྱུད་ཚོང་ཟོག་འཁོར་རྒྱུག་ཚོད་ལྟའི་ལས་དོན་ཇུས་གཞིའི》ནང་། ཁག་དང་པོའི་ཚོད་ལྟའི་གྲོང་ཁྱེར་10དང་ཚོད་ལྟའི་ཁེ་ལས་28གཏན་འཁེལ་བྱས་ནས་ཉིས་བརྒྱུད་ཚོང་ཟོག་འཁོར་རྒྱུག་གི་གཉེར་སྐྱོང་བྱེད་པོ་གསོ་སྐྱོང་དང་སྟོབས་ཆེར་བཏང་ཡོད། 2024ལོ་ནས་2025ལོ་བར། རྒྱལ་ཡོངས་སུ་བེད་མེད་རླངས་འཁོར་ཁྲི་1767.3ཚུར་བསྡུ་བྱས་པར་ལོ་རེར་ཆ་སྙོམས་འཕར་ཚད་45.8%ཟིན་པ་དང་། ཉིས་བརྒྱུད་རླངས་འཁོར་ཁྲི་3968.6ཉོ་ཚོང་བྱས་པ། ཁྱིམ་སྤྱོད་གློག་ཆས་དང་ལག་ཐོགས་ཁ་པར་རྙིང་པ་ཁྲི་5300ཙམ་ཚད་ལྡན་ངང་བཤིག་པར་ལོ་རེར་ཆ་སྙོམས་འཕར་ཚད་12%ཙམ་ཟིན་ཡོད།
བརྡ་ཐོའི་ནང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ལྗང་མདོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་དོན་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ཡོད།
དམངས་འཚོ་འགན་སྲུང་ཁྱབ་ཁོངས་ཀྱི་སྤུས་ལེགས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་དགོས་ཤིང་། ལྗང་མདོག་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྗང་མདོག་ཁྱིམ་སྤྱོད་གློག་ཆས་སྒྲིག་རྒྱུ་ཁྱབ་གདལ་གཏོང་བ། ནུས་འབྲས་དང་ཆུ་ནུས་ཀྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། རླངས་འཁོར་གྱི་ལྗང་མདོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱེདདགོས། ལྗང་མདོག་ཞབས་ཞུའི་འཛད་སྤྱོད་མཐོ་རུ་གཏོང་བ་དང་། ལྗང་མདོག་བཟའ་བཏུང་དང་། ལྗང་མདོག་ཞག་སྡོད་། ལྗང་མདོག་ཁྱིམ་ལས་བཅས་འཕེལ་རྒྱས་བཏང་ནས། འབེབས་འབྱེད་རུང་བའི་ཟས་སྡེར་དང་། ཐུམ་སྒྲིལ་ཁུག་མ། མགྲོན་ཁང་གི་ཟད་གྲོན་རྒྱུ་ཆ་བཅས་ཁྱབ་སྤེལ་བེད་སྤྱོད་བྱས་ཏེ་ཁྱིམ་ལས་ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་དགོས།
ལྗང་མདོག་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས་ཤིང་། ལྗང་མདོག་མཁོ་སྤྲོད་འཁོར་འབྲེལ་བསྐྲུན་ནས་ལྗང་མདོག་ཉོ་སྒྲུབ་དང་། ལྗང་མདོག་ཐོན་རྫས། ལྗང་མདོག་ཐུམ་སྒྲིལ་བཅས་ཁྱབ་གདལ་གཏོང་བ་དང་། ལྗང་མདོག་འཛད་སྤྱོད་ཀྱི་སྐར་གསོག་ཁྱབ་གདལ་གཏོང་བར་སྐུལ་མ་བཏང་སྟེ། དྲ་ཐོག་དང་དྲ་ཕྱི་ནས་ཤར་ལེན་ཤར་སྤྱོད་ཀྱི་ལྗང་མདོག་འཛད་སྤྱོད་ཀྱི་སྐར་གསོག་མ་ལག་འཚོལ་ཞིབ་བྱས་ནས་འཛུགས་དགོས་པ་དང་། ལྗང་མདོག་མཉམ་སྤྱོད་གསར་གཏོད་བྱས་ནས། འགྲུལ་བཞུད་མཉམ་སྤྱོད་དང་། བར་སྟོང་མཉམ་སྤྱོད། འཛད་ཟོག་མཉམ་སྤྱོད་བཅས་ལ་སྐུལ་མ་བཏང་སྟེ། ཐོན་ཁུངས་ནུས་ཆེའི་ངང་བེད་སྤྱོད་བྱེད་པར་སྐུལ་མ་གཏོང་དགོས། དེ་དང་ཆབས་ཅིག་ལྗང་མདོག་འཁོར་རྒྱུག་ཚུར་བསྡུར་སྐུལ་འདེད་གཏོང་བ་དང་། འགྱིག་ཤོག་སྤྱོད་གཅིག་མ་བེད་སྤྱོད་ཉུང་དུ་བཏང་ནས། འཛད་ཟོག་རྙིང་པ་ཚུར་བསྡུ་དང་བསྐྱར་དུ་སྤྱོད་པར་སྐུལ་འདེད་གཏོང་དགོས།
ལྗང་མདོག་འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་དགོས་ཤིང་། ལྗང་མདོག་གློག་ཤུགས་བེད་སྤྱོད་ཡག་པོ་བྱེད་པ་དང་ལྗང་མདོག་འཛད་སྤྱོད་ཀྱི་འདུ་ཤེས་ཁྱབ་གདལ་བཏང་སྟེ། འཛད་སྤྱོད་པས་ལྗང་མདོག་འགྲོ་སྐྱོད་དར་སྤེལ་གཏོང་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས“སྡེ་ཁུལ་གྱི་ལྗང་མདོག་འཛད་སྤྱོད”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བར་སྐུལ་མ་གཏོང་བ་དང་། ལྗང་མདོག་འཁོར་རྒྱུག་གི་བྱེད་པོ་གསོ་སྐྱོང་བྱས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་ཇུས་ཀྱི་ཁ་གསབ་དང་། ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར། དངུལ་རྩའི་ཐོན་རྫས་གསར་གཏོད་བཅས་བརྒྱུད་མ་དངུལ་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།