གནད་སྨིན་ཞབས་ཞུས་ཁྲིམས་སྐྱོང་བོད་ལྗོངས་སྐྲུན་པར་གཡས་གཞོགས་གཡོན་འདེགས་བྱས་པ།
—— རང་ལྗོངས་ཀྱིས་ཁྲིམས་འཛིན་གསལ་འབྱེད་ལས་རིགས་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན་བཅས་སུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་བ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཁྲིམས་འཛིན་གསལ་འབྱེད་ལས་རིགས་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན་བཅས་སུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ལག་རྩལ་གྱི་འདེགས་སྐྱོར་དང་ཞབས་ཞུའི་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ལ་སྔར་བས་སྤུས་ལེགས་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་ཁྲིམས་འཛིན་གསལ་འབྱེད་ཞབས་ཞུ་ནུས་ཤུགས་ཡོད་རྒུས་མཁོ་འདོན་བྱས་ཡོད། 2025ལོར་ལྗོངས་ཡོངས་སུ་ཁྱོན་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞི་13དང་ཁྲིམས་འཛིན་གསལ་འབྱེད་པ་133ཡོད་པའི་གྲས་སུ་ཁྲིམས་དཔྱད་སྨན་པའི་རིགས་དང་། དངོས་དཔང་རིགས། སྒྲ་གཟུགས་དཔྱད་གཞི། ཁོར་ཡུག་གནོད་འཚེ་སོགས་ཁྱབ་ཁོངས་ཆེན་པོ་བཞི་ཚུད་ཡོད་ལ། ཁྲིམས་འཛིན་གསལ་འབྱེད་གྱོད་གཞི་5318སྒྲུབ་གཉེར་བྱས་ཏེ་གནད་སྨིན་ཞབས་ཞུས་ཁྲིམས་སྐྱོང་བོད་ལྗོངས་ལ་གཡས་གཞོགས་གཡོན་འདེགས་བྱས་ཡོད། ཉེ་ཆར་གསར་འགོད་པ་ལྷ་སའི་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞི་མང་པོར་བསྐྱོད་ནས་བཅར་འདྲི་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་ལས་དོན་གྱི་ཞིབ་ཕྲའི་ལག་ལེན་དང་མངོན་གསལ་དོད་པའི་ཕན་འབྲས་ལ་ཤེས་རྟོགས་བྱས་ནས་ཉི་འོད་ལྟ་བུའི་ལས་དོན་དེ་གངས་ལྗོངས་ས་མཐོའི་གྲུ་ཟུར་ཚང་མར་ཇི་ལྟར་འཕྲོ་མིན་ལ་བདེན་དཔང་བྱས་པ་ཡིན།
ལྗོངས་ནང་ཁུལ་གྱི་ཕ་བུ་གསལ་འབྱེད་ལས་རིགས་ཀྱི་སྟོང་ཆ་བསྐངས་པ།
བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་གསལ་འབྱེད་མཐུན་ཚོགས་ཀྱི་ཚོགས་གཙོ་དང་བོད་ལྗོངས་ཀོང་ཧྲེང་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས་ཀྱི་ཀྲུའུ་རེན་ཀུའོ་ཞའོ་མན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀོང་ཧྲེང་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས་ཚོད་ལྟ་ཁང་དེ་2023ལོའི་ཟླ་8པར་བཙུགས་པ་དང་། ཁྲིམས་འཛིན་གསལ་འབྱེད་པ་29ཡོད་ལ་མིག་སྔར་ཁྲིམས་དཔྱད་སྨན་པའི་ན་རྐྱེན་གསལ་འབྱེད་དང་། ཁྲིམས་དཔྱད་སྨན་པའི་ནད་ཐོག་གསལ་འབྱེད། ཁྲིམས་དཔྱད་སྨན་པའི་སྨྱོ་ནད་གསལ་འབྱེད། ཁྲིམས་དཔྱད་སྨན་པའི་དངོས་དཔང་གསལ་འབྱེད། ཁྲིམས་དཔྱད་སྨན་པའི་དུག་རྫས་གསལ་འབྱེད། ཚད་ཉུང་དངོས་དཔང་གསལ་འབྱེད། རྗེས་ཤུལ་དངོས་དཔང་གསལ་འབྱེད་སོགས་གསལ་འབྱེད་ལས་སྒོ་མང་པོ་སྤེལ་ཡོད་པ་རེད། ལྟེ་གནས་དེ་བཙུགས་ཚུན་སྔོན་ཐོན་གྱི་དཔྱད་ཆས་དང་ཆེད་ལས་ཀྱི་གསལ་འབྱེད་དཔུང་ཁག་ལ་བརྟེན་ནས་རིམ་རྩིས་བརྒྱབ་ན་ཁྲིམས་འཛིན་གསལ་འབྱེད་ཀྱི་གྱོད་གཞི་ཁག་7000ལྷག་ཙམ་ལེགས་སྒྲུབ་བྱས་ཡོད་པ་རེད།
གླེང་རིན་ཡོད་པ་ཞིག་ནི་བོད་ལྗོངས་ཀོང་ཧྲེང་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས་ནི་ལྗོངས་ཡོངས་ཀྱི་ཕ་བུ་གསལ་འབྱེད་ཐུབ་པའི་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞི་དང་པོ་དེ་ཡིན་ཞིང་། ལས་སྒོ་དེ་གཉེར་བ་ལས་རང་ལྗོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་ལས་རིགས་ཀྱི་ཁྲིམས་དཔྱད་སྨན་པའི་དངོས་དཔང་ཕ་བུ་གསལ་འབྱེད་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ནས་རང་ལྗོངས་ཀྱི་ཕ་ཕྲུག་གསལ་འབྱེད་སྐོར་གྱི་གྱོད་གཞི་ཞིང་ཆེན་གཞན་དུ་བསྐྱོད་ནས་གསལ་འབྱེད་བྱེད་དགོས་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
གློག་རྡུལ་གྲངས་གཞིར་བརྟེན་ནས་ཆ་འཕྲིན་གསལ་དུ་གཏོང་བ།
“པར་འདི་གསལ་པོ་མེད་པས་འགག་རྩའི་ཆ་འཕྲིན་ལ་ངོས་འཛིན་བྱེད་ཁག་པོ་འདུག ང་ཚོས་པར་གསལ་དུ་གཏོང་ཐུབ་མིན་ཚོད་ལྟ་བྱས་ཆོག”ཉེ་ཆར་གསར་འགོད་པ་བོད་ལྗོངས་ཡོན་ཧྲེང་ཁྲིམས་འཛིན་གསལ་འབྱེད་སུའོ་རུ་སླེབས་སྐབས་ཁྲིམས་འཛིན་གསལ་འབྱེད་པས་ལྡིར་སོ་སྤྲོས་ཆས་ཀྱི་བརྙན་ཐུང་ཞིག་གསལ་དུ་གཏོང་བཞིན་མཆིས། ཁོང་ཚོས་ཆེད་ལས་མཉེན་ཆས་སྤྱད་དེ་པར་རིས་ཀྱི་གསལ་ཚད་དང་བསྡུར་ཚད་རིམ་བཞིན་མཐོ་རུ་བཏང་ནས་མཐར་པར་རིས་ཁྲོད་ཀྱི་གནད་འགག་ཆེ་བའི་ཆ་འཕྲིན་སླར་གསོ་ཐུབ་པ་རེད། བོད་ལྗོངས་ཡོན་ཧྲེང་ཁྲིམས་འཛིན་གསལ་འབྱེད་སུའོ་ཡི་འགན་འཁུར་བ་ཏའོ་ཡུང་ཀྲུང་གིས་ལག་རྩལ་འདིའི་རིགས་ནི་ཁྲིམས་འཛིན་གསལ་འབྱེད་སུའོ་ཡི་ལས་དོན་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། ལག་རྩལ་གྱི་བྱེད་ཐབས་བརྒྱུད་ལྡིར་སོ་སྤྲོས་ཆས་བརྙན་ལམ་གྱི་གསལ་པོ་མེད་པའི་གཟུགས་བརྙན་གསལ་དུ་བཏང་ནས་གྱོད་གཞི་མྱུལ་ཞིབ་རྩད་གཅོད་དང་ཞིབ་གཅོད་བྱེད་པར་འགག་རྩའི་དཔང་རྟགས་མཁོ་འདོན་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཡོན་ཧྲེང་ཁྲིམས་འཛིན་གསལ་འབྱེད་སུའོ་ནི་2024ལོའི་ཟླ་10པར་བཙུགས་པ་དང་གཙོ་བོ་སྒྲ་གཟུགས་དཔྱད་གཞིའི་གློག་རྡུལ་གྲངས་གཞི་གསལ་འབྱེད་བྱེད་ཅིང་། ཁྲིམས་འཛིན་གསལ་འབྱེད་པ་6དང་བློ་འདྲི་བ་8ཡོད་པ་རེད། གྲངས་འཛིན་ཅན་གྱི་དུས་རབས་སུ་སླེབས་པ་དང་བསྟུན་ནས་གློག་རྡུལ་གྲངས་གཞིའི་ཁྲིམས་འཛིན་གསལ་འབྱེད་ཀྱི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་། གློག་རྡུལ་གྲངས་གཞིའི་ཁྲིམས་འཛིན་གསལ་འབྱེད་ཀྱི་ལག་རྩལ་བྱེད་ཐབས་ཀྱང་རྒྱུན་ཆད་མེད་པར་གསར་བརྗེས་དང་རིམ་འཇུག་བྱེད་བཞིན་ཡོད། ཏའོ་ཡུང་ཀྲུང་གིས། ང་ཚོས་ལག་རྩལ་ནི་ཁྲིམས་འཛིན་གསལ་འབྱེད་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཡིན་པ་ཤེས་ཀྱི་ཡོད་པས་གསལ་འབྱེད་སུའོ་བཙུགས་པའི་ཐོག་མའི་སྐབས་སུ“ལག་རྩལ་གྱི་དགོས་མཁོ་དང་དམ་པོར་བསྟུན་པ་དང་ཞབས་ཞུ་ས་མཐོར་འཚམ་པ་བྱ་རྒྱུ”དེ་ལྟེ་བའི་དམིགས་ཚད་དུ་བརྩི་གི་ཡོད། “གློག་རྡུལ་གྲངས་གཞི་ནི་གཞི་འཛིན་ས་ཡིན་པས་ང་ཚོའི་འགན་འཁྲི་ནི་གྲངས་གཞིར་བརྟེན་ནས་གནད་འགག་ཆེ་བའི་ཆ་འཕྲིན་གསལ་དུ་གཏོང་རྒྱུ་དེ་ཡིན། སླད་ཕྱིན་ང་ཚོས་ད་དུང་རང་ངོས་ཀྱི་གསལ་འབྱེད་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། གློག་རྡུལ་གྲངས་གཞིའི་གསལ་འབྱེད་ཀྱི“ལག་རྩལ་གཙོ་བོར”བརྟེན་ནས་གྱོད་གཞི་མྱུལ་ཞིབ་དང་ཞིབ་གཅོད་བྱེད་པར་དེ་བས་གནད་ལ་འཁེལ་ཞིང་བློས་འགེལ་ཆོག་པའི་དཔང་རྟགས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་པ་མ་ཟད། ཁྲིམས་སྐྱོང་བོད་ལྗོངས་སྐྲུན་པར་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བརྗོད་པ་རེད།
ལྗོངས་ཡོངས་སུ་བསྡོམས་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞི་13ཡོད་པ།
རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། 2025ལོར་ལྗོངས་ཡོངས་སུ་བསྡོམས་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞི་13དང་ཁྲིམས་འཛིན་གསལ་འབྱེད་པ་133ཡོད་པ་དང་། ཁྲིམས་འཛིན་གསལ་འབྱེད་གྱོད་གཞི་5318སྒྲུབ་གཉེར་བྱས་ཡོད། ཉེ་བའི་ལོ་གསུམ་རིང་། རང་ལྗོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞིའི་གྲངས་འབོར་ནི་3དང་། 8 13བཅས་ཡིན་པ་དང་། ཁྲིམས་འཛིན་གསལ་འབྱེད་པའི་གྲངས་འབོར་ནི་36དང་། 65 133བཅས་རེད། 2025ལོར་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞིའི་གྲངས་འབོར་2023ལོ་ལས་333%འཕར་བ་དང་། ཁྲིམས་འཛིན་གསལ་འབྱེད་པའི་གྲངས་འབོར་2023ལོ་ལས་269%འཕར་བ། རིགས་ཁག་གི་ཁྲིམས་འཛིན་གསལ་འབྱེད་གྱོད་གཞིའི་གྲངས་འབོར་3910དང་། 5002 5318བཅས་ཡིན་པ། 2025ལོར་ཁྲིམས་འཛིན་གསལ་འབྱེད་གྱོད་གཞིའི་གྲངས་འབོར་2023ལོ་ལས་36.01%འཕར་ནས། ཁྲིམས་འཛིན་གསལ་འབྱེད་དེ་ཁྲིམས་དཔྱད་སྨན་པ་དང་། དངོས་དཔང་། སྒྲ་གཟུགས་དཔྱད་གཞི། ཁོར་ཡུག་གནོད་འཚེ་བཅས་ཀྱི“རིགས་ཆེན་པོ་བཞིའི”ལས་སྒོར་རིམ་བཞིན་ཡོངས་སུ་ཁྱབ་སྟེ་ཁྲིམས་འཛིན་གསལ་འབྱེད་ཀྱི་ཆེད་ལས་ཁྱབ་ཁོངས་མང་པོའི་སྟོང་ཆ་བསྐངས་ཡོད།
2025ལོའི་ཟླ་9པར་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་གསལ་འབྱེད་མཐུན་ཚོགས་དངོས་སུ་བཙུགས་པ་དེས་ལས་རིགས་ཀྱི་རང་གཅུན་ཤུགས་ཆེར་གཏོང་བ་དང་། བྱང་ཚད་མཐོ་བའི་ཁྲིམས་འཛིན་གསལ་འབྱེད་དཔུང་ཁག་འཛུགས་པ། ཁྲིམས་འཛིན་གསལ་འབྱེད་ལས་རིགས་ཀྱི་སྤྱི་མོས་ཐོབ་ཚད་ཆེ་རུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ལ། ཁྲིམས་འཛིན་དྲང་གཞག་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་ལ་ཁྲིམས་འཛིན་གསལ་འབྱེད་ཀྱིས་ནུས་པ་གལ་ཆེན་གང་ལེགས་འདོན་བཞིན་ཡོད། གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཁྲིམས་འཛིན་གསལ་འབྱེད་ཀྱི་སྤུས་ཚད་དང་སྤྱི་མོས་ཐོབ་ཚད་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་མཐའ་འཁྱོངས་ཀྱིས་ཁྲིམས་འཛིན་གསལ་འབྱེད་ལས་རིགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་ལམ་སྲོལ་ལེགས་སུ་གཏོང་བ། ཁྲིམས་འཛིན་གསལ་འབྱེད་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛིན་གསལ་འབྱེད་ལས་སྒྲུབ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ཁྲིམས་སྐྱོང་བོད་ལྗོངས་སྐྲུན་པར་དེ་བས་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།