དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ནགས་ཁྲོད་དཔལ་འབྱོར་གཉེར་སྐྱོང་ཡག་པོ་བྱས་ནས་དམངས་ཕྱུག་ཐོན་ལས་སྟོབས་ཆེར་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-09

    ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་དགུ་ཐང་ཤང་ཉི་རི་ཁ་ནགས་ཁྲོད་ཐོན་ཁུངས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གིས་མེ་ཏོག་གི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ཆ་རྐྱེན་དང་ཕུན་སུམ་ཚོགས་པའི་ནགས་ལས་ཐོན་ཁུངས་ལ་བརྟེན་ནས་མཉམ་ལས་ཁང་དང་། གྲོང་ཚོ་མཉམ་སྡེབ། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་བརྒྱུད། ཚན་རྩལ་ལ་བརྟེན་ནས་ཤ་མོའི་མྱུ་གུ་གསོ་བ་དང་ཚན་རིག་དང་མཐུན་པར་ཤ་མོ་འདེབས་པ་དེ་ཐོན་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་བཅུག་ནས། ས་གནས་དེ་གའི་མང་ཚོགས་ལ་རླམ་རྩ་ཕོ་སུལ་དང་ཀོ་ཤ་དཀར་པོ་སོགས་ནགས་ཁྲོད་སྐྱེ་དངོས་དང་ཞུ་མཁན་དཀར་པོ་སོགས་དཔལ་འབྱོར་འབྲས་ཤིང་འདེབས་འཛུགས་བྱ་རྒྱུའི་སྐུལ་ཁྲིད་བྱས་ཏེ། འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད་པ་རེད།  

    མཉམ་ལས་ཁང་གི་འགན་འཁུར་བ་དཀོན་མཆོག་ཚེ་རིང་གིས། མཉམ་ལས་ཁང་གིས་ས་གནས་དེ་གའི་འདེབས་འཛུགས་དུད་ཚང་ལ་ཤ་མོའི་སོན་དང་འདེབས་འཛུགས་ལག་རྩལ་མཁོ་འདོན་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་ཐོན་རྫས་ཚུར་བསྡུ་དང་། ཐུམ་སྒྲིལ། ཕྱིར་ཚོང་བཅས་གཅིག་གྱུར་བྱས་ནས། ཁོང་ཚོར་ཕྱིར་ཚོང་གི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད། 2022ལོ་ནས་ད་བར་རིམ་རྩིས་བརྒྱབ་ན། མཉམ་ལས་ཁང་གིས་ས་གནས་དེ་གའི་འདེབས་འཛུགས་དུད་ཚང་ལ་མ་དངུལ་སྒོར་ཁྲི་480སྤྲད་དེ། དགུ་ཐང་ཤང་དགུ་ཐང་གྲོང་ཚོའི་དུད་ཚང་80ཡི་མི་200ལྷག་ཙམ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།  

    “ངའི་ཁྱིམ་གྱིས་ད་ཆ་རླམ་རྩ་ཕོ་སུལ་དང་ཀོ་ཤ་འདེབས་ཀྱི་ཡོད་པ་མ་ཟད། ད་དུང་སྔོ་ཚལ་ཡང་མང་པོ་འདེབས་ཀྱི་ཡོད། ཕྱིས་སུ་མོག་རོ་ཡང་འདེབས་རྩིས་ཡོད། མཉམ་ལས་ཁང་གི་ལས་སྟེགས་ལ་བརྟེན་ན་ཧ་ལམ་ཚང་མ་བཙོང་ཐུབ་ཀྱི་འདུག ནགས་ཁྲོད་དུ་འདེབས་འཛུགས་བྱས་པའི་ཡོང་འབབ་ཀྱིས་ཁྱིམ་ཚང་གི་ཡོང་འབབ་ཡོངས་ཀྱི་ཕྱེད་ཀ་ལྷག་ཙམ་ཟིན་ནས། ནང་མི་ཚང་མ་ཡིད་ཚིམ་པོ་བྱུང”ཞེས་དགུ་ཐང་གྲོང་ཚོའི་ཡུལ་མི་བསྟན་འཛིན་ཆོས་སྒྲོན་གྱིས་བཤད།  

    ཀོ་ཤ་སྐྱེ་འཚར་ཡག་པོ་ཡོང་བར་དངུལ་རྩའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། མཉམ་ལས་ཁང་འཛུགས་སྐབས། དགུ་ཐང་གྲོང་ཚོར་སྐྱོད་པའི་གཞུང་ལམ་ཤར་གཏོང་ཐུབ་མ་ཐག་རེད། ང་ཚོ་དེ་གར་བསྐྱོད་དེ་བརྟག་ཞིབ་བྱས་རྗེས། འདེབས་འཛུགས་རྣམ་གྲངས་དེའི་ཐོན་རྫས་ཀྱི་སྤུས་ཚད་ལེགས་པ་དང་། ཤ་མོའི་རིགས་ཀྱི་ཐོན་རྫས་ཐད་ཀྱི་ཁྲོམ་རའི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། ད་དུང་འགྲིམ་འགྲུལ་ཡང་སྔར་བས་སྟབས་བདེ་རུ་ཕྱིན་པས། རྣམ་གྲངས་དེས་མི་སེར་ཚོར་དངོས་དངོས་རྗེན་རྗེན་གྱི་ཕན་ཐོགས་ཀྱི་ཡོད་པ་ཤེས་རྟོགས་བྱུང་། དངུལ་ཁང་གིས་ཞིབ་འཇུག་བྱས་རྗེས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐག་བཅད་པ་ཡིན”ཞེས་ཀྲུང་གོ་ཞིང་ལས་དངུལ་ཁང་མེ་ཏོག་རྫོང་དགུ་ཐང་ཤང་ཉིང་ལག་དངུལ་ཁང་གི་ཧང་ཀྲང་ཀའོ་ཤང་ཏུང་གིས་བཤད། ཐོག་མའི་དུས་ཀྱི་ཞིང་ལས་དངུལ་ཁང་མེ་ཏོག་ཉིང་ལག་དངུལ་ཁང་ནས་2023ལོར་གསར་དུ་བཙུགས་པའི་དགུ་ཐང་ཉིང་ལག་དངུལ་ཁང་བར། ཞིང་ལས་དངུལ་ཁང་གིས་རིམ་རྩིས་བརྒྱབ་ན་མཉམ་ལས་ཁང་ལ་ཡིད་རྟོན་དངུལ་བུན་སྒོར་ཁྲི་600ལྷག་ཙམ་བཏང་ནས། མཐའ་མཚམས་རི་གྲོང་གི་ཀོ་ཤ་ཡག་པོ་ཁྲོམ་ར་དེ་བས་ཆེ་བར་འཚོང་རྒྱུར་རམ་འདེགས་བྱས་ཡོད། དང་ཐོག་ཞིང་དུད་ཀྱིས་བཏབ་པའི་ཤ་མོ་ཚུར་བསྡུ་བ་ནས་ད་ཆ་རང་ཉིད་ཀྱི་ཚོད་ལྟ་ཁང་དང་། གསོ་སྤེལ་ཁང་། ཐོན་སྐྱེད་ལས་སྣོན་རྟེན་གཞི་བཅས་བཙུགས་པའི་བར། དགུ་ཐང་ཤང་ཉི་རི་ཁ་ནགས་ཁྲོད་ཐོན་ཁུངས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ཐོན་རྫས་ཇེ་མང་དང་། ཕྱིར་ཚོང་ཁྲོམ་ར་ཇེ་ཡངས། དཔལ་འབྱོར་ཕན་འབྲས་ཇེ་ཡག་བཅས་སུ་ཕྱིན་ཡོད་པ་རེད།

    དཀོན་མཆོག་ཚེ་རིང་གིས། མིག་སྔར་མཉམ་ལས་ཁང་གི་ལོ་རེའི་ཐོན་རྫས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་ཟིན་ནས་འཕེལ་རྒྱས་བརྟན་འཁྱོངས་དུས་སྐབས་སུ་སླེབས་ཡོད། གོམ་སྟབས་རྗེས་མར། མཉམ་ལས་ཁང་གིས་ནགས་ཁྲོད་འདེབས་འཛུགས་རྒྱ་ཁྱོན་རྒྱུན་མཐུད་ཆེ་རུ་བཏང་ནས། རང་བྱུང་གནོད་མེད་ཀྱི་ཐོན་རྫས་སྔར་བས་མང་པོ་ཐོན་སྐྱེད་ཧུར་ཐག་བྱས་ཏེ། ནགས་ཁྲོད་དཔལ་འབྱོར་གཉེར་སྐྱོང་ཡག་པོ་བྱས་ནས་མཐའ་མཚམས་རི་གྲོང་གི་ཐོན་ལས་དར་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།