མཐུན་ཆ་ཆེ་ཤོས་འཚོལ་ཞིབ་ཀྱིས་ཀུན་སེམས་གཅིག་ཏུ་སྒྲིལ་བར་བྱེད་པ།
—— ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་མའི་སྐོར་བཀོད་པ།
ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ཁྲིམས་འགལ་ས་བཟུང་དང་གང་བྱུང་འཛུགས་སྐྲུན་གྱི་ཆེད་དོན་བཅོས་སྐྱོང་གཞུང་དོན་ཁང(གཤམ་དུ“ཆེད་དོན་གཞུང་དོན་ཁང”ཞེས་བསྡུ་རྒྱུ)དུ་སྐྱོད་སྐབས། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཆེད་དོན་གཞུང་དོན་ཁང་གི་འགན་འཁུར་བ་སྒྲོལ་མ་ཡིས་ཉིན་དེའི་ལས་ཀ་བཀོད་སྒྲིག་བྱེད་བཞིན་ཡོད་པ་རེད།
2023ལོའི་ཟླ་7པར། སྒྲོལ་མ་སྦྲ་ཆེན་རྫོང་གི་ལོ་མང་རིང་ལས་གསོག་ཐེབས་པའི་ཁྲིམས་འགལ་ས་བཟུང་དང་གང་བྱུང་འཛུགས་སྐྲུན་གྱི་བཅོས་སྐྱོང་ལས་དོན་སྒྲུབ་པར་སྐོང་འཐེན་བྱས་ཤིང་། དུས་དེ་ནས་བཟུང་། སྲིད་གྲོས་ཀྲུའུ་ཞི་ཞིག་གིས“ཁྱབ་ཁོངས་བརྒལ་བའི”བག་ཆགས་ཟབ་པའི་དམིགས་བསལ་གྱི་ལས་སྒྲུབ་ལམ་དུ་བཞུད། སྐབས་དེ་དུས་ཀྱི་མྱོང་ཚོར་གླེང་སྐབས། ཁོང་གིས“འགན་འཁྲི་དང་འགྲན་སློང་དུས་གཅིག་ཏུ་གནས་ཡོད། ལས་དོན་དེ་དམངས་འཚོའི་དོན་ཆེན་དང་འབྲེལ་བས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང”ཞེས་བརྗོད།
ཁྲིམས་འགལ་ས་བཟུང་དང་གང་བྱུང་འཛུགས་སྐྲུན་གྱི་གནད་དོན་དེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པས། “རྒྱུག་པ་ལེབ་བརྡུངས”བྱས་ན་འགྲིག་གི་མེད། ལས་དོན་པས་བརྟག་ཞིབ་བྱས་རྗེས་ཤེས་རྟོགས་བྱུང་བར། སྦྲ་ཆེན་རྫོང་ལ་གནས་ཚུལ་དེ་གཙོ་བོ་རིགས་མི་འདྲ་བ་གཉིས་ཡོད་པ་སྟེ། གཅིག་ནི་སྤྱི་པའི་ས་ཆ་བཟུང་སྤྱོད་བྱས་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མངོན་གསལ་དོད་པོ་ཡོད་པ་དང་། གཅིག་ཤོས་ནི“ཆོག་མཆན་མ་ཐོབ་གོང་ནས་འཛུགས་སྐྲུན”དང་དེ་བཞིན་ལོ་རྒྱུས་ཀྱི་ཤུལ་ལུས་ཁྲིམས་འགལ་འཛུགས་སྐྲུན་དང་འབྲེལ་བ་ཡོད་པས་ཐག་གཅོད་བྱེད་པར་དཀའ་ངལ་ཆེན་པོ་ཡོད་པ་རེད།
གོམ་སྟབས་རྗེས་མའི་ལས་དོན་ཇི་ལྟར་སྒྲུབ་དགོས་སམ། གནད་དོན་དེའི་ཐད་སྒྲོལ་མའི་རྣམ་འགྱུར་གསལ་པོ་ཡོད་དེ“སྐད་ཆ་ཤོད་དབང་མང་ཚོགས་ལ་སྤྲོད་དགོས། ཁོང་ཚོར་གནད་དོན་དང་། རེ་བ། བསམ་འཆར་བཅས་གང་ཡོད་ཤོད་དུ་འཇུག་དགོས” ཆེད་དོན་གཞུང་དོན་ཁང་གི་ལས་དོན་པས་དེ་མུར་ཁུལ་ཁོངས་བགོས་ཏེ་འགན་གཙང་ལེན་པ་དང་ཁྱིམ་དུད་དུ་འཚམས་འདྲིར་བསྐྱོད་ནས། མང་ཚོགས་ཀྱི་དོ་ཁུར་ཆེ་ཤོས་དང་། སེམས་ཁྲལ་ཆེ་ཤོས། མི་འདོད་པའི་གནད་དོན་ཆེ་ཤོས་བཅས་གང་ཡིན་མིན་ཐད་སྤེལ་རེས་གཏིང་ཟབ་བྱས་ཏེ། གཞི་རིམ་དུ་གནས་ཚུལ་མཐིལ་རྟོགས་དང་དམངས་ཀྱི་སྙིང་གཏམ་ཉན་ཡོད། དང་ཐོག་ལས་དོན་སྒྲུབ་སྐབས་དེ་ཙམ་ལམ་ལྷོངས་བྱུང་མེད། མང་ཚོགས་ཀྱིས་སྲིད་ཇུས་དེ་ནི“རྒྱུག་པ་ལེབ་བརྡུངས”ཡིན་པའི་དོགས་པ་བྱེད་ཀྱི་ཡོད་ཅིང་། མི་ཁ་ཤས་ཀྱིས“རང་སོ་སོའི་ཁྱིམ་གྱི་ས་ཆར་འཛུགས་སྐྲུན་ཇི་ལྟར་བྱས་ཀྱང་ཆོག་པའི”ངོས་འཛིན་བྱེད་ཀྱི་ཡོད་པ་དང་། མི་ཁ་ཤས་ཀྱིས་ཁང་པ་བཤིག་ན་འཚོ་བར་འགན་སྲུང་མེད་པའི་སེམས་ཁྲལ་བྱས་ཏེ་སྐད་ཆ་ཤོད་འདོད་བྱེད་ཀྱི་མེད།
“ང་ཚོས་མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས། ཁོ་ཚོའི་རེ་བ་གང་ཡིན་པ་ཤེས་ན་གཞི་ནས་དམིགས་སུ་བཀར་བའི་ཐག་གཅོད་བྱ་ཐབས་རྙེད་ཐུབ” ཆེད་དོན་གཞུང་དོན་ཁང་གི་འགན་འཁུར་བ་སྒྲོལ་མ་དང་ལས་རོགས་ཚོས“སྲིད་ཇུས་འགྲེལ་བཤད་རྒྱག་མཁན”བྱས་ཏེ། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མང་ཚོགས་ལ་སྲིད་ཇུས་འགྲེལ་བཤད་བརྒྱབ་ནས། མང་ཚོགས“སློབ་གསོ་རྒྱག་ཡུལ”ནས“སྲིད་ཇུས་ཤེས་མཁན”དུ་འགྱུར་བར་བྱས་ཡོད།
བརྟག་ཞིབ་བྱེད་རིང་། ཆེད་དོན་གཞུང་དོན་ཁང་གིས་དུད་ཚང་5ཡིས་རྫོང་ཁོངས་ཀྱི་བྲག་རི་གཡང་གཟར་དང་གཙང་པོ་དང་ཐག་ཉེ་སར་སྡོད་ཁང་གང་བྱུང་འཛུགས་སྐྲུན་བྱས་པའི་གནས་ཚུལ་ཤེས་རྟོགས་བྱུང་ཞིང་། རྩད་ཞིབ་ཐིག་ལེན་བྱས་པ་བརྒྱུད་སྡོད་ཁང་དེ་དག་ཉེན་ཁ་ཆེ་བའི་ཁུལ་དུ་གནས་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ཡོད་པས་ངེས་པར་དུ་བཤིག་དགོས་ཀྱི་ཡོད། འོན་ཀྱང་ཆེད་དོན་གཞུང་དོན་ཁང་གིས་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས། དུད་ཚང་དེ་ལྔ་པོའི་ནང་མིའི་གྲངས་འཕར་བ་སོགས་ཀྱིས་རྐྱེན་པས། ཁང་སའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་ཐུབ་མེད་པ་དང་། ཕྲུ་གུ་རྫོང་གྲོང་དུ་སློབ་གྲྭར་འགྲོ་གི་ཡོད་པས། ཁང་པ་བཤིག་ན“སྡོད་ས་མེད་པའི”གནད་དོན་འཕྲད་ཀྱི་ཡོད་པ་ཤེས་པ་རེད།
“གལ་སྲིད་ང་ཚོས་གཏན་འབེབས་ལྟར་ཁང་པ་ཐད་ཀར་བཤིག་ན། ལས་དོན་སྒྲུབ་ཐུབ་ཀྱང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བས། དེ་ང་ཚོའི་ལས་དོན་སྤེལ་བའི་ཐོག་མའི་བསམ་འདུན་དང་འགལ་ཡོད” དེར་བརྟེན། སྒྲོལ་མས་མྱུར་དུ་གནས་ཚུལ་གོང་རིམ་ལ་སྙན་སེང་ཞུས་པ་དང་རང་བྱུང་ཐོན་ཁུངས་ཅུས་དང་། སྡོད་ཁང་འཛུགས་སྐྲུན་ཅུས། དམངས་སྲིད་ཅུས་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པས། མཐར་ཁང་ས་ནང་བཤུག་གི་རེ་ཞུ་འབུལ་རོགས་བྱས་ཏེ་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་བྱས་པའི་ཁར་མངོན་མེད་རྐྱེན་ངན་ཡང་བསལ་བ་རེད།
མང་ཚོགས་ཀྱི་རྣམ་འགྱུར་ལ་འགྱུར་ལྡོག་བྱུང་བ་ནི་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཡིན། བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་བ་དང་བསྟུན་ནས། སྒྲོལ་མས་ཁྲིམས་འགལ་སྐྲུན་དངོས་བཤིག་པར་གནས་སྐབས་ཀྱི་ཆེད་དོན་བྱ་སྤྱོད་ཁོ་ནར་བརྟེན་ན་མ་འགྲིག་པར་དེ་བས་ཀྱང་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་མང་ཚོགས་རང་འགུལ་ངང་ཧུར་ཐག་ཞུགས་དགོས་པ་ཤེས།
མང་ཚོགས་ཀྱིས་ཁྲིམས་འགལ་འཛུགས་སྐྲུན་ལ་འཛིན་པའི་རྣམ་འགྱུར་དེ“ཁུ་སིམ་ཚུལ་ལྟ”ནས“རང་འགུལ་ལྟ་སྐུལ”ཕྱོགས་སུ་རིམ་བཞིན་གྱུར་ནས། “ཚང་མ་ཞུགས་པ་དང་ཚང་མས་མཉམ་བཅོས”ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།
སྒྲོལ་མས“དེ་སྔོན་མང་ཚོགས་ཀྱིས་སྡོད་ཁང་རྒྱག་སྐབས་འཆར་འགོད་ལ་སྣང་བ་གཏོང་གི་མེད་ལ་འགྲོ་ལུགས་ཀྱང་མ་གཉེར་བར། སྔོན་སྐྲུན་རྗེས་ཞུ་བྱས་ན་འགྲིག་པའི་ལྟ་བ་འཛིན་གྱི་ཡོད། ད་ཆ་ཁྲིམས་བཞིན་ས་ཆ་བཟུང་སྤྱོད་ཀྱི་ལྟ་བ་དེ་མི་སེམས་ལ་ཟུག་ནས། མང་ཚོགས་ཀྱི་ཁང་པ་རྒྱག་པའི་བྱ་སྤྱོད་དེ‘རང་དགའ་ཟང་ཟིང’ནས‘ཚད་གཞི་དང་གོ་རིམ་ལྡན་པར’བསྒྱུར་ཡོད། ད་ཆའི་ཆེད་དོན་གཞུང་དོན་ཁང་ལ་རྟག་ཏུ་མང་ཚོགས་ཀྱིས་རང་འགུལ་ངང་སྲིད་ཇུས་བློ་འདྲི་དང་རོགས་རམ་རེ་ཞུ་བྱེད་པར་ཡོང་གི་ཡོད་པས། དེ་ནི་ང་ཚོའི་ལས་ཀར་ཐོབ་པའི་གདེང་འཇོག་ཆེ་ཤོས་དེ་ཡིན”ཞེས་བརྗོད།
ཆེད་དོན་ལས་དོན་སྒྲུབ་སྐབས་སྲིད་གྲོས་ཨུ་ཡོན་གྱི་ཐོབ་ཐང་ལས་ཐོན་པའི་ནུས་པའི་སྐོར་གླེང་སྐབས། ཁོང་གིས“སྲིད་ཇུས་དང་། ཁེ་ཕན། མཉམ་ལས་བཅས་དང་འབྲེལ་བའི་རྙོག་འཛིང་ཆེ་བའི་བཅོས་སྐྱོང་དེ་རིགས་ཁྲོད། སྲིད་གྲོས་ཨུ་ཡོན་གྱིས་ལམ་ལུགས་ཀྱི་ངོ་བོ་དང་འགན་སྒྲུབ་ཀྱི་ཁྱད་ཆོས་ལ་བརྟེན་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་ཆོག སྲིད་འཛིན་མི་སྣ་མིན་པའི་ངོས་ནས་མང་ཚོགས་དང་འབྲེལ་འདྲིས་བྱེད་ཆོག་ལ། ལམ་ལུགས་ལག་ལེན་བསྟར་མཁན་གྱི་ངོས་ནས་མཉམ་ལས་དང་སྲིད་ཇུས་དབར་གྱི་དཀའ་གནད་བསལ་ཏེ་མཐར་བཅོས་སྐྱོང་གི་དམིགས་ཚད་མངོན་འགྱུར་ཐུབ་པ་དང་སྦྲགས། དམངས་སེམས་གཅིག་ཏུ་བསྒྲིལ་ནས་དམངས་འཚོར་ཞབས་འདེགས་ཀྱང་ཞུ་ཐུབ”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།