དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱོད་ཚུལ་ལེགས་གཏོང་དངོས་སྒྲུབ་གཙིགས་སུ་འཛིན། མི་དམངས་གོང་བཀུར་རྒྱང་ལམ་གསར་པར་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-09

    ཟླ་1ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལོ་5བསྟུད་མར་འཚོགས་པའི་ཚོགས་འདུ་དེས“དངོས་སྒྲུབ་བྱེད་པ་ལས་མྱུར་འགྲུབ་ཐབས་ལམ་གཏན་ནས་མེད་པའི”རྣམ་འགྱུར་གསལ་པོའི་ཐོག་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོའི་དངོས་སྒྲུབ་དུང་བརྡ་བཏང་བ་རེད།

    “ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ལས་ང་ཚོས‘དངོས་སྒྲུབ་གཙོར་འཛིན’གྱི་དད་སེམས་སྔར་བས་བརྟན་དུ་ཕྱིན་སོང”ཞེས་ཉིང་ཁྲི་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་ཝང་ཧུང་ཅུས་ཀྱིས་བློ་རྩ་བརྟན་པོས་བརྗོད། ཁོང་གིས“ང་ཚོས‘མཐོ་ཆེ་ལེགས་གསུམ’དོན་གཉེར་མི་བྱེད་པར། དངོས་སྒྲུབ་གོ་ཆོད་ཡོང་བའི་བརྩོན་ལེན་བྱེད་པ་ཡིན། ངེས་པར་དུ་མང་ཚོགས་ལ་འབྲེལ་བ་ཆེ་བ་དང་ཕན་འབྲས་དངོས་ཐོན་པའི་བྱ་བ་དངོས་མང་ཙམ་སྒྲུབ་དགོས”ཞེས་བརྗོད།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལས་བྱེད་པའི“ལེགས་ཉེས་མིང་ཐོའི”དཔྱད་བསྡུར་བྱ་ཐབས་ཁྱབ་གདལ་བཏང་ནས“ལས་ཀ་མང་ཉུང་གཅིག་མཚུངས་དང་ལས་ཀ་སྒྲུབ་དང་མི་སྒྲུབ་གཅིག་པ་ཡིན་པའི”རྣམ་པར་འགྱུར་ལྡོག་བཏང་བ་དང་། སྨན་བཅོས་སྒྲིག་གཞིའི་བྱ་སྤྱོད་ངན་པའི་ཐོ་འགོད་སྐར་འགོད་བྱ་ཐབས་ཁྱབ་གདལ་བཏང་སྟེ་གཅུན་འདོམས་དང་ཚད་ལྡན་ནུས་ལྡན་དུ་བཏང་བ། དེང་རབས་སྨན་ཁང་གི་དོ་དམ་འདུ་ཤེས་ནང་འདྲེན་བྱས་ནས་འཛུགས་པ་དང་། ཉིང་ཁྲིའི་དོན་དངོས་ལ་གཞི་ཚུགས་ཏེ་དཔེ་མཚོན་ཤང་གྲོང་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། ཝང་ཧུང་ཅུས་ཀྱིས་གོམ་སྟབས་རྗེས་མར་དེང་རབས་སྨན་ཁང་གི་དོ་དམ་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྨན་དོན་པའི་ཧུར་བརྩོན་རང་བཞིན་འཕེལ་བར་བྱས་ཏེ་མང་ཚོགས་ཚོས་སྒོ་འགྲམ་དུ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མཐུན་སྒྲིལ་ཁྲོམ་གཞུང་རིང་མོ་སྡེ་ཁུལ་ནོར་བུ་རི་དེའུ་ལམ་བྱང་ངོས་ཀྱི་ཉི་འོད་ཁུལ་ཆུང་གསུམ་པའི་གྲོང་མི་ཉི་ཤར་གྱིས“གནས་ཚུལ་བྱུང་ཚེ་ཁ་པར་བརྒྱབ་མ་ཐག་ཉིན་མཚན་ལ་མ་ལྟོས་པར་སྡེ་ལས་ནས་ལས་མི་མངགས་ཏེ་ཐག་གཅོད་བྱེད་ཀྱི་འདུག”ཅེས་བློ་ཡིད་ཚིམ་པོས་བཤད། སྔོན་ཆད་ཁུལ་ཆུང་དེར་མཁོ་སྤྲོད་ཀྱི་འབྲེལ་བ་དོ་སྙོམས་མ་བྱུང་བའི་རྐྱེན་གྱིས་སྡེ་ལས་དང་དོ་བདག་དབར་འགལ་བ་མང་པོ་ཐོན་ནས་གྲོང་མིའི་བློ་ཡིད་ཚིམ་ཚད་33.67%ལས་ཟིན་གྱི་མེད། གནད་དོན་དེ་ཐག་གཅོད་བྱ་ཆེད། མཐུན་སྒྲིལ་ཁྲོམ་གཞུང་གིས“སེམས་འབྲེལ་ཟམ་པའི་གཅུས་གཟེར་ཆུང་ཆུང”གི་དང་བླངས་ཞབས་ཞུར་བརྟེན་ནས“རྩ་འཛུགས་ཀྱིས་ཁྲིད་སྟོན་དང་། མང་ཚོགས་རང་སྐྱོང་། ཕན་ཚུན་རོགས་རེས”བཅས་ཀྱི་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་ཐུབ་སྟེ། གྲོང་མིའི་བློ་ཡིད་ཚིམ་ཚད་98%བར་མཐོ་རུ་ཕྱིན་ཡོད།

    “ལས་བྱེད་པའི་སྤྱོད་ཚུལ་ལེགས་མིན་དེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་ཐུབ་མིན་ལ་ཐུག་ཡོད། ད་ཆ་ལས་བྱེད་པ་དང་ལས་དོན་པས་གཞུང་ལས་ཁང་དུ་བསྒུགས་ནས་མི་སྡོད་པར་གཞི་རིམ་དུ་བསྐྱོད་དེ་རང་འགུལ་ངང་སྒོ་རྡུང་བ་དང་། སྐད་ཆ་འདྲི་བ། ཐག་གཅོད་བཅས་བྱེད་ཀྱི་འདུག”ཅེས་ཉི་ཤར་གྱིས་བརྗོད།

    སྤྱོད་ཚུལ་འཛུགས་སྐྱོང་བྱེད་པར་རང་རྟོགས་ལ་བརྟེན་དགོས་ལ་ལྟ་སྐུལ་ལའང་བརྟེན་དགོས། “ང་ཚོས་2025ལོ་ཧྲིལ་པོར་ལྟ་སྐུལ་ཞིབ་བཤེར་ཐེངས་213བྱས་ནས། གནད་དོན་739དག་ཐེར་བྱེད་པར་སྐུལ་འདེད་བཏང་བ་དང་དཔེ་མཚོན་གྱོད་གཞི་24བརྡ་ཁྱབ་བཏང་ཡོད”ཅེས་མངའ་རིས་ས་ཁུལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་བརྗོད།

    སྤྱོད་ཚུལ་འཛུགས་སྐྱོང་གི“སྲུང་སྐྱོང་བ”ཞིག་ཡིན་པའི་ཆ་ནས། འདས་ཟིན་པའི་ལོ་གཅིག་རིང་། མངའ་རིས་ས་ཁུལ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“འགག་རྩའི་ཉུང་ཤས”དང་ཁྱབ་ཁོངས་གལ་ཆེན་འཇུག་སྒོར་བྱས་ཏེ“སྣང་ཆུང”དང“ཁུར་མེད”སོགས་ངན་རེངས་ཀྱི་གནད་དོན་རྒྱུན་མཐུད་ངང་ཡོ་བསྲང་བྱས་ཡོད། “ད་ཐེངས་ཀྱི་ཚོགས་འདུས་ལྗོངས་ཏང་ཨུད་ཀྱིས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་ལ་དམ་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་གང་ལེགས་མངོན་ཡོད། གོམ་སྟབས་རྗེས་མར་ང་ཚོས‘དོན་ཆེན་བཞིར’དམ་པོར་དམིགས་པ་དང་། ‘འཛུགས་གཏོད་བཞིར’ཤུགས་རྒྱག་པ། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། མངོན་གསལ་དོད་པའི་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་ལ་དམ་པོར་དམིགས་པ། དངོས་འཛིན་བཙན་འཐབ་ཀྱིས་ངན་རེངས་ཀྱི་གནད་དོན་ཡོ་བསྲང་བཅས་བྱས་ཏེ། སྒྲིག་ཁྲིམས་ཀྱི་འགན་ལེན་ལ་བརྟེན་ནས་མངའ་རིས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན”ཞེས་བཀྲ་ཤིས་དོན་གྲུབ་ཀྱིས་བརྗོད།

    དངོས་སྒྲུབ་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་ཕན་འབྲས་དངོས་ལ་བརྟེན་ནས་དམངས་འཚོར་ཕན་འདོགས་དགོས། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་འཛུགས་སྐྱོང་དེ་གཞི་རིམ་བཅོས་སྐྱོང་གི་ལག་ལེན་ནང་བཅུག་ནས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་པ། སྤྱོད་ཚུལ་ལེགས་སུ་གཏོང་བར་བརྟེན་ནས་འདུམ་འགྲིག་ལས་དོན་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཐོན་མ་ཐག་ཐག་གཅོད་བྱས་ཡོད། “སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་དེ་མཐར་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་ཞིབ་བཤེར་བྱེད་དགོས། མི་དམངས་ཀྱི་འདུམ་འགྲིག་ལས་དོན་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་མུ་མཐུད་སྲ་བརྟན་དང་མཐོ་རུ་བཏང་ནས། མང་ཚོགས་ལ་དེ་བས་སྟབས་བདེ་དང་ནུས་ཆེའི་འདུམ་འགྲིག་ཞབས་ཞུ་སྒྲུབ་ཀྱི་ཡིན”ཞེས་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཞུའེ་ཡོན་གྱིས་བརྗོད།

    སྤྱོད་ཚུལ་བཟང་ན་མི་སེམས་མཐུན། མི་སེམས་མཐུན་ན་བྱ་གཞག་དར། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པས“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་ཐོག་ནས་ཚོགས་འདུའི་དགོངས་དོན་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སུ་འགྱུར་བ་བྱ་རྒྱུ་ཡིན། ཚོགས་འདུའི་ཐོག་ནན་བཤད་བྱས་པ་ལྟར་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་སུ་བཏང་ན་གཞི་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་པ་དེར་དངོས་སྒྲུབ་ཁྲོད་བཀྲག་མདངས་འཚེར་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་འཐུས་ཚང་དང་། འགན་ལེན། རྒྱུན་མཐུད་བཅས་ཐུབ་པར་བྱེད་དགོས་ཞེས་བརྗོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།