དབུ་ཤོག
  • གཞིས་རྩེ་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པས་དིང་རིའི་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་འབད་འཐབ་བྱས་པ།

    ​“ལོ་འདིར་ང་ཚོ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཐག་ཉེ་རུ་ཕྱིན་སོང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།   ཞུས་ཡུས་ཡའོ།   |     སྤེལ་དུས།  2026-01-09

    ཚེ་དབང་ནི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་བདེ་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ཞིང་། འདས་པའི་ཟླ་བ་གཉིས་ནང་གྲོང་ཚོའི་མང་ཚོགས་དུད་ཚང་120ལྷག་ཙམ་གེགས་རྗེས་བསྐྱར་སྐྲུན་གྱི་སྡོད་ཁང་གསར་པའི་ནང་སྤོ་བར་རོགས་རམ་བྱ་ཆེད་ཁོང་ལས་བྲེལ་ཤིན་ཏུ་ཆེན་པོ་ཡོད། ཁོང་གིས“རྒན་འཁོགས་ཁག་གཅིག་འགྲོ་སྐྱོད་མི་བདེ་བས་ང་ཚོས་གྲོང་ཚོའི་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ཁོང་ཚོར་རྡོག་ཁྲེས་དང་ནང་ཆས་དབོར་རོགས་བྱས་ནས་ཚང་མ་ཁང་པ་གསར་པར་མགྱོགས་ཙམ་སྤོ་ཐུབ་པའི་འགན་ལེན་བྱས་པ་ཡིན”ཞེས་བཤད།

    2025ལོའི་ཟླ་1ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་ས་ཡོམ་རིམ་པ་6.8བརྒྱབ་ནས་བདེ་གླིང་གྲོང་ཚོར་གནོད་འཚེ་ཚབས་ཆེན་ཕོག་ཅིང་། ས་ཡོམ་བརྒྱབ་རྗེས། ཚེ་དབང་གིས་འཕྲལ་དུ་གྲོང་སྡོད་ལས་བྱེད་པ་དང་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་དུས་ཐོག་ཏུ་དུད་ཚང་126གི་མང་ཚོགས་600ལྷག་ཙམ་ཁ་བཀྲམ་ཡོད། ས་ཡོམ་རྗེས་ཀྱི་ཉིན་3ནང་སླར་ཡང་གྲོང་ཚོའི་མི་20ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་གུར་150ལྷག་ཙམ་ཕུབ་ནས་གེགས་སེལ་དངོས་ཟོག་བཀོད་སྒྲིག་བྱས། དེ་རྗེས་ཀྱི་ལོ་ཕྱེད་ལྷག་ཙམ་རིང་ཁོང་གིས་གྲོང་ཚོའི་ཏང་ཡོན་གྱི་སྣེ་ཁྲིད་ནས་མིག་སྔའི་གནས་བབ་ལ་གཞིགས་ཏེ་ལས་ཀའི་གཙོ་གནད་གེགས་སེལ་ནས་བསྐྱར་སྐྲུན་བྱ་རྒྱུར་བསྒྱུར། ཁོང་གིས“གནོད་འཚེ་ཕོག་སྐབས་ཏང་རྩ་འཛུགས་ནི་མང་ཚོགས་འཚོ་བ་གསར་པར་ཕྱོགས་པའི་བརྟེན་ས་དང་ང་ཚོའི་ལས་དོན་ནི་ཚང་མའི་སེམས་རྣལ་དུ་ཕབ་པར་བྱ་རྒྱུ་དེ་རེད”ཅེས་བཤད།

    ཚེ་དབང་གིས་ཡུལ་མི་རིག་འཛིན་གྱི་ཁང་པ་གསར་པར་ཐོག་འགེབས་པའི་ཉིན་དེ་ད་དུང་ཡང་བརྗེད་མེད་ཅིང་། དེ་དུས་གྲོང་ཚོའི་ལས་བྱེད་པ་དང་རིག་འཛིན་གྱི་ནང་མི་ཚང་མས་ཨར་འདམ་ལྕགས་མདོང་མཇུག་ཤོས་དེ་ལུགས་བརྒྱབ་པར་བལྟས་པ་དང་རིག་འཛིན་དང་བུ་མོ་སྒྲོལ་དཀར་གཉིས་ཀྱིས་མིག་ལ་མཆི་ཞག་འཁོར་བཞིན་ཇ་བསྲུབས་མ་དང་བག་ལེབ་སོགས་ཁྱེར་ནས་མི་རྣམས་ལ་སྣེ་ལེན་ཞུས་པ་མ་ཟད། ད་དུང་ཁ་བཏགས་ཀྱང་བསྒྲོན་པ་རེད། “ཁྱེད་ཚོ་ནི་ངའི་ཕྲུ་གུ་དང་ཁྱད་མེད། ངའི་ཁྱིམ་ཁྱེད་ཚོ་རང་ཉིད་ཀྱི་ཁྱིམ་ལ་བརྩིས་ནས་བསྐྲུན་བྱུང”ཞེས་རིག་འཛིན་གྱིས་བཤད།

    བསྐྱར་སྐྲུན་ལས་དོན་གང་དུ་སྤེལ་ན་དེ་རུ་ཏང་ཡོན་ལས་བྱེད་པ་ལས་ཀ་བྱེད་པར་སླེབས་ཡོད། ལོ་གཅིག་རིང་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་6600ལྷག་ཙམ་འཛུཌ་སྐྲུན་གྱི་འཐབ་ས་དང་པོར་བསྐྱོད་ནས་བཟའ་སྡོད་འགྲོ་གསུམ་ཚང་མ་དེ་གར་བྱེད་པ་མ་ཟད། ལས་ཡུལ་རང་དུ་བསྡད་ནས་དཀའ་ངལ་དང་གནད་དོན་སྣ་ཚོཌ་མཐུན་སྦྱོར་ཐག་གཅོད་བྱས་ཏེ། གེགས་རྗེས་བསྐྱར་སྐྲུན་ལ་གཡས་གཞོགས་གཡོན་འདེགས་བྱས་ཡོད།

    ཏང་དར་དམར་པོ་གེགས་རྗེས་བསྐྱར་སྐྲུན་བྱ་ཡུལ་དུ་མཐོན་པོར་བསྒྲེངས་པ་དང་། ལོ་གཅིག་རིང་གཏམ་རྒྱུད་དེ་ལྟ་བུ་ཇོ་མོ་གླང་མའི་འདབས་སུ་གང་སར་མཐོང་རྒྱུ་ཡོད་པ་སྟེ། ས་སྐྱ་རྫོང་རྨ་བྱ་ཤང་སྤེ་ལགས་གྲོང་ཚོ་ཡོངས་གནས་སྤོ་བྱེད་རིང་གྲོང་སྡོད་ལས་བྱེད་པ་བདེ་སྐྱིད་ལྷ་མོ་དང་སྐལ་བཟང་ཆོས་སྒྲོན་གྱིས་ཨར་འདམ་ཏུན་30ཆར་པས་མི་འབང་བའི་ཆེད། མཚན་མོ་དེ་རང་ལ་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་སྒྲིག་འཛུགས་བྱས་ཏེ་མགྱོགས་མྱུར་དབོར་དུ་བཅུག་པ་དང་། སྡོད་ཁང་གསར་པ་རྒྱག་ཡུལ་གདམ་ག་བྱེད་ཁག་པར་དམིགས་ཏེ་དིང་རི་རྫོང་ཤེལ་དཀར་གྲོང་རྡལ་ལོ་ལོ་ཤར་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཀྲང་ཝུན་ཅེ་དང་རུ་མི་ཚོས་དུད་ཚང་རེ་རེ་བཞིན་ལ་འབྲེལ་གཏུག་བྱས་ཏེ། ལྷག་བསམ་རྣམ་དག་ལ་བརྟེན་ནས་འགལ་བ་བསལ་ཏེ་གྲོང་ཚོ་ཡོངས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ཡོད།

    2025ལོའི་ཟླ་10པའི་ཟླ་མཇུག་བར། བོད་ལྗོངས་དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་ཉམས་གསོ་བརྟན་གཏོང་བྱེད་དགོས་པའི་ཡུལ་མིའི་སྡོད་ཁང་ལས་མཇུག་འགྲིལ་ནས་རྩིས་སྤྲད་ཟིན་ཡོད། ད་ཐེངས་ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དེ་རྫོང་7དང་། ཤང་དང་གྲོང་རྡལ་47 གྲོང་ཚོ་486བཅས་དང་འབྲེལ་བ་ཡོད་ཅིང་། ཡུལ་མིའི་སྡོད་ཁང་བསྡོམས་ཁྲི་2.2ལྷག་ཙམ་བསྐྱར་སྐྲུན་བྱས་པར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་310ཟིན་པ་དང་། ཡུལ་མིའི་སྡོད་ཁང་བསྡོམས་ཁྲི་1.05ལྷག་ཙམ་ལ་ཉམས་གསོ་བརྟན་གཏོང་བྱས་པར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་106ཟིན་ཡོད།

    “སྡོད་ཁང་གསར་པར་སྤོ་རྒྱུ་ནི་བསྐྱར་སྐྲུན་གྱི་མཐའ་མའི་དམིགས་ཚད་ཡིན་ལ། ཡུལ་མིའི་སྣེ་ཁྲིད་དེ་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད་པའི་འགོ་འཛུགས་ས་ཡང་ཡིན”ཞེས་འབྱུང་འགྱུར་སྐོར་གླེང་སྐབས་ཚེ་དབང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད། ད་ཆ་ཁོང་གིས་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་ཡུལ་མིའི་སྣེ་ཁྲིད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཉམ་དུ་ཇུས་འགོད་བྱེད་བཞིན་ཡོད་པ་དང་། ཁོང་གིས“ལོ་འདིའི་ནང་ང་ཚོ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཐག་ཉེ་རུ་ཕྱིན་སོང”ཞེས་བཤད།

    《མི་དམངས་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།