དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཡུན་ནན་བདེ་ཆེན་གྱིས་སྐྱེ་ཁམས་བཟང་པོར་བརྟེན་ནས་ཀྲོའུ་བསྐྲུན་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་བརྟན་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-08

    འཛམ་གླིང་གི་རང་བྱུང་ཤུལ་བཞག“གཙང་གསུམ་མཉམ་འདྲེས”(འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ)ཀྱི་ལྟེ་བའི་ཁུལ་དུ་གནས་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་བཅད་གལ་ཆེན་ཞིག་རེད། ད་ཕན་ལོ་ཤས་རིང་། ཡུལ་དེས་སྐྱེ་ཁམས་སྲུང་སྐྱོང་དང་བེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གཙང་ཆུ་སྔོན་མོ་ཤང་ཤང་དུ་རྒྱུག་པར་བྱས་ཡོད།

    བདེ་ཆེན་ཀྲོའུ་རུ་ནགས་ཚལ་ཁེབས་ཚད་63.98%དང་སྐྱེ་ཁམས་ཀྱི་དམར་ཐིག་རྒྱ་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་63.26%ཟིན་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་43.32%ཟིན་ནས་དེ་གར“གཙང་གསུམ་མཉམ་འདྲེས”ཀྱི་འཛམ་གླིང་གི་རང་བྱུང་ཤུལ་བཞག་རྒྱ་ཁྱོན་གྱི་55.1%ཡོད་པའི་ཁར་བདེ་ཆེན་ཀྲོའུ་དེ་ཉིད་ད་དུང་རྒྱལ་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་གཙོ་གནད་ཐོག་སྔོན་ལ་སྲུང་སྐྱོང་བྱེད་སའི་འགག་རྩའི་ས་ཁུལ་17གྱི་གྲས་ཤིག་རེད།

    དགུན་དུས་ཀྱི་དྲོད་འཇམ་ཉི་འོད་འོག་བདེ་ཆེན་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྟོད་འཇང་ཤང་གི་ཤང་ཀྲང་ལྷ་བཟང་ནོར་བུས་ཡུལ་མི་ཁྲིད་དེ་འབྲི་ཆུའི་ངོགས་སུ་སྐོར་གཡེང་བྱེད་སྐབས་གད་སྙིགས་མཐོང་མ་ཐག་སྒྲུག་གི་ཡོད། ལྷ་བཟང་ནོར་བུས“འབྲི་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ང་ཚོས་ཆུ་སྐོར་ལམ་ལུགས་བཟོས་ཏེ། ཉིན་ལྟར་གྱི་སྐོར་གཡེང་ལ་ཤུགས་སྣོན་བརྒྱབ་ནས་གད་སྙིགས་གང་བྱུང་དུ་དབྱུགས་པ་དང་སྒོ་ཕྱུགས་དང་ཁྱིམ་བྱའི་རོ་གང་བྱུང་དུ་དབྱུགས་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད”ཅེས་བརྗོད་པ་རེད།

    སྟོད་འཇང་ཤང་དང་འདྲ་བར་བདེ་ཆེན་ཀྲོའུ་ཡི་ཆུ་རྒྱུན་221ཚང་མར་ཕུགས་ཕན་བདག་སྐྱོང་ལམ་སྲོལ་བཟོས་ཏེ་ཆུ་དཔོན་དང་མཚོ་དཔོན་གྱི་འགན་འཁྲི་རིམ་པ་བཞིན་ནན་དུ་བཏང་ནས་བཙོག་ཆུ་ཁྲིམས་འགལ་ངང་བཤངས་འབུད་དང་གད་སྙིགས་གང་བྱུང་དུ་དབྱུགས་པའི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ཐོག བདེ་ཆེན་ནས་གཙང་ཆུ་སྔོན་མོ་ཤང་ཤང་དུ་རྒྱུག་ཐུབ་པའི་བརྩོན་ལེན་བྱེད་བཞིན་ཡོད།

    “དེ་གར་གངས་རི་དང་། སྤང་ལྗོངས། ནགས་ཚལ་བཅས་ཀྱི་ཁོར་ཡུག་རྨད་དུ་བྱུང་བ་ཞིག་ཡོད་པས། རི་མོ་ལྟར་མཛེས་པའི་གནས་སུ་འཚོ་སྡོད་བྱེད་པ་ལྟར་སྣང”ཞེས་ལོ་60ལ་སླེབས་པའི་ཡུལ་མི་སྒྲོལ་མ་འཕྲིན་ལས་ཀྱིས་བཤད་པ་དང་ཁོང་གིས་སྔོན་ཆད་ཡུལ་མི་ཁ་ཤས་ཀྱིས་ཤིང་བཅད་ནས་འབུད་ཤིང་བྱེད་པ་མ་ཟད་ད་དུང་རྔོན་བརྒྱབ་ནས་སྐྱེ་ཁམས་ལ་གཏོར་བཤིག་གཏོང་གི་ཡོད། ཕྱིས་སུ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་གྱི་སྐྱོང་ལན་འཇལ་བའི་ལམ་སྲོལ་བཟོས་ནས་ལོ་ལྟར་དུད་ཚང་རེར་ཁ་གསབ་སྒོར་ཁྲི་གཅིག་དང་མི་རེར་ཁ་གསབ་སྒོར་5000སྤྲོད་པ་དང་གྲོང་ཚོ་དང་མཛེས་ལྗོངས་ཁུལ་གྱིས་མཉམ་དུ་སྐྲུན་པའི་གཞིས་ཀ་ནས་ད་དུང་ལོ་རེར་དུད་ཚང་རེར་ཁ་གསབ་སྒོར་ཁྲི་2.5སྤྲད་དེ་ཡུལ་མིའི་སྐྱེ་ཁམས་སྲུང་སྐྱོང་གི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཕན་ལོ་ཤས་རིང་བདེ་ཆེན་ཀྲོའུ་ཡིས་ལྗང་མདོག་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གང་མགྱོགས་བཏང་ནས། ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། 2025ལོར་ནགས་གསེབ་དཔལ་འབྱོར་གྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་3ལྷག་ཙམ་ཟིན་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་15ཙམ་ཟིན་པ་དེ2020ལོའི་ལྡབ་2.8དང་ལྡབ་3.9སོ་སོར་ཡིན་པ་དང་། ཡུལ་དེའི་མང་ཚོགས་ཀྱིས་བེ་ཤ་འཐུ་བ་ལས་མི་རེར་ཆ་སྙོམས་འབབ་འཕར་སྒོར་3000ལྷག་ཙམ་ཟིན་པ་དང་དབྱར་རྩྭ་དགུན་འབུ་འཐུ་བ་ལས་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་གཅིག་ཙམ་བྱུང་བ་ལ་སོགས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་མཉམ་འདྲེས་གཏིང་ཟབ་དང་གོམ་སྟབས་གཅིག་མཚུངས་བྱུང་བ་ལས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ས་མཐོའི་རྣམ་པ་གསར་པ་གྲུབ་ཡོད།

    ད་ཕན་ལོ་ཤས་རིང་བདེ་ཆེན་ཀྲོའུ་ཡིས་སྐྱེ་ཁམས་དེ་ཀྲོའུ་འཛུགས་སྐྲུན་གྱི་རྩ་བར་བརྩིས་ནས་གནམ་སྔོ་བ་དང་། ཆུ་དྭངས་བ། ས་གཙང་བ། རི་ལྗང་བ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་རྒྱག་པར་སྐུལ་འདེད་གཏིང་ཟབ་བཏང་བས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་ལོ་ལྔ་བསྟུད་མར་ཞིང་ཆེན་རིམ་པའི་དཔྱད་ཞིབ་ཀྱི་ཕུལ་བྱུང་རིམ་པ་ཐོབ་པ་དང་། གྲོང་ཁྱེར་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་ཚད་ལོ་ལྔ་བསྟུད་མར་100%ཟིན་ཡོད་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།