ལོ་གསར་ཚོགས་འདུ་དང་པོར་ཁ་ཕྱོགས་བསྟན། དངོས་སྒྲུབ་ཡར་བརྩོན་བྱས་ནས་ལེའུ་གསར་རྩོམ།
ཟླ་1ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། “ལོ་གསར་པའི་ཚོགས་འདུ་དང་པོ”དེའི་ཐོག ལྗོངས་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་འགག་རྩའི་དཀའ་གནད་དང་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ཏེ། འགོ་ཚུགས་མ་ཐག་ཏུ་གདོང་མཆོང་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་ལྗོངས་ཡོངས་ལ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད། དེ་ཡང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་ལོ་ལྔ་བསྟུད་མར་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་ཆེད་དོན་བཀོད་སྒྲིག་ཅིག་ཡིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལ་དམ་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་འཐབ་ཇུས་ཀྱི་ངེས་ཤུགས་མངོན་ཡོད།
སྤྱོད་ཚུལ་བསྒྱུར་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བ་དང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དེ་ནི་ལོ་ལྔའི་རིང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཐོབ་པའི་གསོན་ཉམས་ལྡན་པའི་གྲུབ་འབྲས་ཤིག་རེད། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་ཏང་སྲིད་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཆི་ཡིས“སྤྱོད་ཚུལ་བསྒྱུར་བར་བརྟེན་ནས་ཚོང་གཉེར་ཁོར་ཡུག་བསྐྱར་འཛུགས་བྱས་ཏེ། ང་ཚོས་ཚོང་གཉེར་ཞབས་ཞུའི‘དཔལ་འབྱོར་གསར་སྤེལ་ཁུལ་གྱི་མྱུར་ཚད’མགྱོགས་སུ་བཏང་ཡོད”ཅེས་བརྗོད་པ་དང་། ཁོང་གིས་ལོ་ལྔའི་རིང་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་སྡེ་ཚན་ལས་བརྒལ་བའི་མཉམ་འགུལ་མཐུན་སྦྱོར་ལམ་སྲོལ་ཟབ་ཏུ་བཏང་ནས་རང་འགུལ་ངང་ཁེ་ལས་ལ་ཞབས་འདེགས་ཀྱིས་གཞི་ཚུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ། ཕྱོགས་བསྡུས་འགན་སྲུང་ཁུལ་གྱི་རྩ་ཆེའི་ལྕགས་རིགས་ལས་སྣོན་སོགས་ཚོང་འགུགས་རྣམ་གྲངས་ལ་སྐུལ་འདེད་བཏང་བར་བརྟེན“གྲོས་མོལ་བྱེད་པ་ནས་རྣམ་གྲངས་དོན་འཁྱོལ་བར་དང་། ལས་འགོ་འཛུགས་པ་ནས་ཐོན་སྐྱེད་བྱེད་པའི་བར”ལ་དུས་ཡུན་ཟླ་བ་བཞི་ཡང་འགོར་མེད་ཅེས་བརྗོད། ཁོང་གིས“གོམ་སྟབས་རྗེས་མར་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་མུ་མཐུད་སྤྱོད་ཚུལ་འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱས་ཏེ‘ལོ་ལྔ་ཚན་བཅོ་ལྔ་པའི’འཕེལ་རྒྱས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི‘གཡུལ་ས་གཙོ་བོ’དང་། སྒྱུར་བཅོས་སྒོ་དབྱེའི‘སྐར་ཁུང་གཙོ་བོ’ཚན་རྩལ་གསར་གཏོད་ཀྱི‘འཐབ་ས་གཙོ་བོ’བཅས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ་གླིང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད།
གཞི་རིམ་ནི་སྤྱོད་ཚུལ་འཛུགས་སྐྱོང་གི་འཐབ་ས་དང་པོ་ཡིན་ལ། སྲིད་ཇུས་དོན་འཁྱོལ་བྱེད་པའི“མཐའ་མའི་འགག་གནད”ཀྱང་ཡིན། གཞི་རིམ་རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་ཞིག་ཡིན་པའི་གཏིང་སྐྱེས་རྫོང་ཨུད་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའོ་ཀྲི་དབྱིང་གིས་མྱོང་ཚོར་ཟབ་མོས“སྔོན་མ་སྙན་ཞུའི་རེའུ་མིག་ཡང་ཡང་སྐྱེལ་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་ཐད་ཁྲལ་སེལ་སླ་བཅོས་བྱེད་པ། སྡེ་ཚན་དབར་མཐུན་སྦྱོར་ཡག་པོ་མི་བྱེད་པ་སོགས་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་མངོན་གསལ་དོད་པོ་ཡོད། ད་ཆ་ཚོགས་འདུའི་ཡིག་ཆ་བཀྲམ་ཚད་ཉུང་དུ་ཕྱིན་པ་དང་། ཡིག་ཆ་འབྲི་རྒྱུ་ཉུང་དུ་ཕྱིན་པ། དཔྱད་ཞིབ་ཐད“མང་ཚོགས་བློ་ཡིད་ཚིམ་ཚད”དང“དངོས་དོན་སྒྲུབ་ཚད”ལ་དམིགས་པ་བཅས་བྱུང་བས་ལས་བྱེད་པ་རྣམས་ལས་དོན་དངོས་བསྒྲུབ་ཐུབ་པ་བྱུང་ཡོད”ཅེས་བརྗོད།
སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་དེ་མཐར་མང་ཚོགས་ཀྱི་འཛུམ་མདངས་དང་བློ་ཡིད་ཚིམ་ཚད་ནས་མངོན་གྱི་ཡོད། “དེ་སྔ་སྡེ་ཁུལ་གྱི་ལམ་འབར་འབུར་ཡིན་པས་མཚན་མོ་འགྲོ་བདེ་པོ་མེད། ད་ཆ་རྡོ་བཅལ་བཏིང་བ་དང་ལམ་སྒྲོན་གསལ་པོ་ཡོད་པས་འགྲོ་བདེ་པོ་འདུག”ཅེས་གསར་དུ་བཟོས་པའི་རྐུབ་སྟེགས་ཐོག་ངལ་གསོ་བཞིན་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་ཚེ་སྨོན་གླིང་སྡེ་ཁུལ་གྱི་གྲོང་མི་སྐལ་བཟང་བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོས་བརྗོད།
ཚོགས་འདུ་གྲོལ་མ་ཐག་ཚེ་སྨོན་གླིང་སྡེ་ཁུལ་གྱིས“དྲ་ཐོག་ནས་དྲིལ་བསྒྲགས་དང་དྲ་ཕྱི་ནས་སྒྲོག་འགྲེལ”གྱི་བྱེད་ཐབས་སྤྱད་དེ་ཚོགས་འདུའི་དགོངས་དོན་ཁྱིམ་ཚང་ཚང་མས་ཤེས་ཐུབ་པ་བྱས་ཡོད། “དང་བླངས་པས་ཚོགས་འདུའི་ཐོག་ང་ཚོ་མི་སེར་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱ་རྒྱུ་མ་ཟད། ད་དུང་གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་བཏང་ནས་ལས་བྱེད་པར་ང་ཚོའི་དོན་དག་ཐག་གཅོད་བྱེད་པའི་ཁོམ་པ་ཡོད་ལུགས་སྐོར་བརྗོད་པས་ང་ཚོ་བློ་བདེ་སོང”ཞེས་སྡེ་ཁུལ་གྱི་གྲོང་མི་སྤེན་པས་མྱོང་ཚོར་ཟབ་མོས་བཤད།
སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་ལ། དངོས་སྒྲུབ་འགན་འཁུར་ཡང་ནམ་ཡང་ཚར་དུས་མེད། ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་ཀུང་སི་བཞི་པའི་བོད་ལྗོངས་ཁུལ་གྱི་འགན་འཁུར་བ་ཝུའུ་ཅིན་གྱིས་བོད་ལྗོངས་འཛུགས་སྐྲུན་བྱེད་མཁན་ཞིག་ཡིན་པའི་ངོས་ནས་ངས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་རྗེས་སྐུལ་ལྕག་ཆེན་པོ་ཐེབས་བྱུང་ཞེས་བརྗོད་ཅིང་། ཁོང་གིས“བོད་ཀྱི་རྨང་གཞིའི་འཛུགས་སྐྲུན་གྱི་ལས་གྲྭ་ནི་དམངས་འཚོའི་ལས་གྲྭ་ཞིག་ཡིན་ལ་ཆབ་སྲིད་ཀྱི་ལས་གྲྭ་ཞིག་ཀྱང་ཡིན་པས། ང་ཚོས་སྤྱོད་ཚུལ་ལེགས་གཏོང་གི་བླང་བྱ་རྣམ་གྲངས་འཛུགས་སྐྲུན་གྱི་ལྷུ་ཚིགས་ཚང་མར་དོན་འཁྱོལ་བྱས་ཏེ། “གཟེར་འདེབས”ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་གི་ཡིན་ལ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་གཞི་ཆེན་པོའི་འཛུགས་སྐྲུན་གྲུབ་འབྲས་སུ་འགྱུར་བར་བྱས་ཏེ་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་མངོན་པར་བྱེད་ཀྱི་ཡིན”ཞེས་བརྗོད་བྱུང་།
ལོ་གསར་པར་འབད་འབུངས་ཀྱིས་དུང་བརྡ་བཏང་། དངོས་སྒྲུབ་གོམ་སྟབས་སླར་ཡང་སྤོ་འགོ་ཚུགས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ད་ཐེངས་ཀྱི“ལོ་གསར་གྱི་ཚོགས་འདུ་དང་པོ”འགོ་འཛུགས་ས་གསར་པར་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཚད་གཞི་དེ་བས་བརྟན་དུ་གཏོང་བ་དང་དངོས་སྒྲུབ་འགན་འཁྲིའི་ངར་ཤུགས་དེ་བས་འཕེལ་བར་བྱས་ཏེ། རང་སོ་སོའི་ལས་གནས་ཐོག“བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི”བསམ་བློའི་འཁྱེར་སོ་དང“བྱས་རྗེས་འཇོག་པར་ང་ཡིས་འབད་པའི”འགན་འཁྲིའི་བསམ་པ་བཅངས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ། དངོས་སྒྲུབ་དཀའ་སྒྲུབ་ཀྱི་དུས་རབས་ཀྱི་དབྱངས་རྟ་གངས་ལྗོངས་ས་གཞི་ཆེན་པོར་ནམ་ཡང་གྲགས་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།