བདེ་སྡོད། ལས་བརྩོན། རྩ་བ་བརྟན་ཚུགས།
གངས་ལྗོངས་ས་མཐོར་དེ་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྲུན་པ།

འདི་ནི་དིང་རི་རྫོང་ཆུ་ལྷོ་ཤང་རམ་ཆེན་གྲོང་ཚོའི་གྲོང་མི་ཉི་མ་ཕུན་ཚོགས་ཁྱིམ་གྱི་ནང་མི་ཚོས་ཁང་པ་གསར་པའི་མདུན་དུ་པར་རྒྱག་བཞིན་པ།
2025ལོའི་ཟླ་1ཚེས་7ཉིན། དིང་རི་རྫོང་དུ་གློ་བུར་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས་ཀྲུང་དབྱང་གིས་དོ་ཁུར་དང་། རྒྱལ་ཡོངས་ཀྱིས་དོ་སྣང་། ལྗོངས་ཡོངས་ཀྱིས་སེམས་ཁུར་བཅས་གནང་ཡོད།
ལོ་གཅིག་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དམིགས་བསལ་ཐུགས་ཁུར་དང་། རྒྱལ་ཁབ་པུའུ་ཨུད་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གེགས་ཁུལ་གྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་སྤུས་ཚད་མཐོ་ཞིང་ནུས་ཕྱོད་ཆེན་པོས་སྐུལ་འདེད་བཏང་སྟེ། “གནོད་འཚེ་ཕོག་པའི་ལོ་དེ་རང་དུ་སྡོད་ཁང་གསར་པར་སྤོ་ཐུབ་པའི”བསྐྱར་སྐྲུན་གྱི་ངོ་མཚར་བཏོད་ཡོད།
ཇོ་མོ་གླང་མའི་འདབས་སུ་དྲིན་ཚོར་གྱི་སེམས་པ་དང་། མཐུན་སྒྲིལ་གྱི་སྟོབས་ཤུགས། འབད་བརྩོན་གྱི་འདུན་པ་བཅས་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྲིལ་ནས། གེགས་ཁུལ་གྱི་མང་ཚོགས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་ལམ་བུར་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པར་ཁྲིད་སྟོན་བྱས་ཡོད།
རྨང་རྡོ།
བདེ་སྡོད་ལས་བརྩོན་བྱས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྱར་དུ་བསྐྲུན་པ།
ལོ་གསར་པའི་ཞོགས་པར་ཉི་འོད་རབ་ཏུ་འཕྲོས།
དིང་རི་རྫོང་གྲམ་མཚོ་ཤང་མགུ་རུམ་གྲོང་ཚོའི་ལོ་69ལ་སླེབས་པའི་བགྲེས་སོང་རྡོ་རྗེ་རང་ཁྱིམ་གྱི་བོད་བཟོའི་སྡོད་ཁང་གསར་པའི་མདུན་དུ་བསྡད་དེ་ཉི་མ་སྲོ་བཞིན་ཡོད།
“ད་ལྟའི་ཉི་མ་ནི་ཅི་འདྲའི་དྲོ་སྐྱིད་ལྡན་པ་ལ་ཨང”རྡོ་རྗེས་འཁྲིས་ཀྱི་གྱང་ལ་ལག་པ་འཆང་ཙམ་བྱས་ནས། “གྱང་འདི་མཐུག་ལ་རྩིག་རྨང་ཡང་བརྟན་པོ་ཞིག་བཏིང་འདུག་པས། སེམས་པ་ལྷོད་ལ་བབས་པ་མ་ཟད་ཉི་མ་དེ་ཡང་དྲོ་སྐྱིད་ལྡན་པ་ཞིག་འདུག”ཅེས་བཤད།
ས་དགའ་རྫོང་ནི་ཡོམ་ལྟེ་དང་ཐག་རིང་ཤོས་ཀྱི་གནོད་འཚེ་ཕོག་པའི་རྫོང་ཞིག་རེད། ཤར་རུ་ཤང་སྟག་རྩེ་གྲོང་ཚོར་གྲོང་མི་སྟོབས་རྒྱལ་གྱིས་ཁང་པ་གསར་པའི་དེང་རབས་ཅན་གྱི་ཐབ་ཚང་དང་། གསང་སྤྱོད། ཚོམས་ཆེན་བཅས་ལ་འདོད་བློ་ཁེངས་པོ་བྱེད་ཀྱི་ཡོད། “འབྲོག་ཁུལ་དུ་ཡང་གྲོང་ཁྱེར་དང་འདྲ་བའི་ཁང་པའི་ནང་སྡོད་རྒྱུ་ཡོང་བསམ་པ་བསམ་བློར་ཡང་འཁོར་མྱོང་མེད། ཐབ་ཚང་ལོགས་སུ་ཡོད་པས་ཁང་པའི་ནང་དེ་བས་གཙང་སྦྲ་དོད་དུ་ཕྱིན་འདུག”ཅེས་ཁོང་གིས་བཤད།
གྱང་རོ་ནས་ཁང་པ་གསར་པའི་བར་དང་། སེམས་ཁྲལ་ནས་གནས་བཟོད་བདེ་པོའི་བར་ནི་ས་ཕག་བརྗེ་པོ་བརྒྱབ་པ་ཞིག་རེད་ལ། འཚོ་བར་སླར་ཡང་ཡིད་ཆེས་སྦྱིན་པ་ཞིག་དེ་བས་རེད།
སླར་གསོ་བསྐྱར་སྐྲུན་གྱི་བརྒྱུད་རིམ་ཁྲོད། གཞིས་རྩེ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་དང་རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་སྒྲིག་གཉིས་དུས་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ས་ཡོམ་གྱིས་གཏོར་སྐྱོན་ཕོག་པའི་འགྲོ་ལམ་ཉམས་གསོ་དང་། འཕྲིན་གཏོང་དྲ་རྒྱ་མྱུར་གཏོང་། གློག་ཤུགས་མཁོ་སྤྲོད་འགན་ལེན་བཅས་བྱས་པ་དང་། རིག་གནས་བྱེད་སྒོ་ལྟེ་གནས་དང་། ལན་ཆིའུ་སྤོ་ལོ་རྒྱག་ས། འཕྲོད་བསྟེན་ཁང་། བུ་བཅོལ་ཁང་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་གད་སྙིགས་དང་བཙོག་ཆུ་གཙང་བསིང་སྒྲིག་བཀོད་དུས་མཉམ་དུ་འཆར་འགོད་དང་གོ་རིམ་ལྡན་པའི་སྒོ་ནས་འཛུགས་སྐྲུན་བྱས་པ། ས་མཐོའི་འཚོ་བའི་ཁྱད་ཆོས་ལ་དམིགས་ནས་ཚད་ལྡན་ཅན་གྱི་ཕྱུགས་ཚང་དང་ནས་གྲིབ་སྐམ་གཏོང་ས་སོགས་ཐོན་སྐྱེད་སྒྲིག་བཀོད་གོ་རིམ་ལྡན་པའི་སྒོ་ནས་བསྐྲུན་ཡོད། མིག་སྔར་གེགས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་གཙོ་བོ་ཚང་མའི་ནུས་པ་སླར་གསོ་ཐུབ་པ་དང་། སློབ་གསོ་དང་སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཆ་རྐྱེན་འཛོམས་ནས་དུས་མཉམ་དུ་སྤྱོད་འགོ་ཚུགས་ཡོད་པ་རེད།
“སྡོད་སའི་ཁང་པ་ཡོད་པ”ནས“ཁང་པ་ཡག་པོའི་ནང་སྡོད་རྒྱུ་བྱུང་བའི”བར་དང་། དེ་ནས་“ལས་རིགས་དར་རྒྱས་གཏོང་བའི”བར་བསྐྱར་སྐྲུན་ཐད་རིམ་པ་བཞིན་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། འཚོ་བའི་སྤུས་ཚད་ཇེ་མཐོར་འགྲོ་བཞིན་ཡོད།
གྲངས་གཞི་ལས་མངོན་པ་ལྟར་ན། ལོ་གཅིག་རིང་། གནོད་འཚེ་ཕོག་པའི་ས་ཁུལ་གྱིས་ཁྱོན་ཞིང་ལས་ལོ་ཏོག་མུའུ་ཁྲི་50ཙམ་འདེབས་འཛུགས་བྱས་པ་དང་འབྲུ་རིགས་ཐོན་ཚད་ཏུན་ཁྲི་16ཙམ་ཟིན་པ་དེ་དུས་མཚུངས་ལས་1.07%འཕར་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་8ཙམ་གསར་སྐྲུན་དང་སྒྱུར་བཀོད་མཐོར་གཏོང་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་3.72བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་རྣམ་གྲངས་78འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་རོགས་སྐྱོར་ཐོན་ལས་དང་མཉམ་ལས་ཁང་གི་ཁེ་སྤོགས་དུས་མཚུངས་ལས་47%ཙམ་འཕར་ཡོད།
སྟོབས་ཤུགས།
མི་དམངས་གོང་དུ་བཀུར་ནས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ།
ངམ་རིང་རྫོང་གད་ཁ་གྲོང་རྡལ་བར་སྦུག་ཡུག་ཁུལ་དུ་འགན་འཁྲི་གཙང་ལེན་ལས་བྱེད་པ་བསྟན་འཛིན་རྣམ་རྒྱལ་གྱིས་གྲང་རླུང་ལ་མ་འཛེམས་པར་འབྲུ་རིགས་དབོར་མཁན་མང་ཚོགས་དང་ཁ་བརྡ་གློད་བཞིན་ཡོད།
“ཁང་པ་གསར་པའི་ནང་སྡོད་རྒྱུར་གོམས་འདུག་གམ”ཞེས་དྲིས་པར། “མིག་སྔར་ཚང་མ་ཧ་ཅང་ཡག་པོ་འདུག”ཅེས་ལན་བཏབ།
“དགུན་སྒྲོལ་གྱི་འབྲུ་རིགས་ཚང་མ་སྤོས་ཚར་སོང་ངམ”ཞེས་དྲིས་པར། “ཚང་མ་སྤོས་ཚར་སོང”ཞེས་ལན་བཏབ།
ཁོང་གིས་ཞིབ་ཕྲ་དྲིས་པར་གྲོང་མིས་ལན་ཤར་མར་བཏབ། འདས་པའི་ལོ་གཅིག་རིང་དེ་གར་ཁ་བརྡ་དེ་ལྟ་བུ་མང་པོ་གློད་ཡོད་པ་རེད། ཁོང་གི་ལག་ནང་གི་རྙིང་རལ་དུ་གྱུར་པའི་ཟིན་དེབ་དེའི་ནང་དུད་ཚང་རེ་རེའི་དགོས་མཁོ་དང་བསམ་འཆར་མང་པོ་འཁོད་ཡོད་པ་རེད།
“ལོ་གཅིག་དཀའ་ལས་བརྒྱབ་སོང་། ངལ་གསོ་ཏོག་ཙམ་ཡང་རྒྱག་གི་མིན་ནམ”ཞེས་བསྟན་འཛིན་རྣམ་རྒྱལ་ལ་ཁོམ་ལོང་ཏོག་ཙམ་བྱུང་སྐབས་གསར་འགོད་པས་འཕྲལ་མར་དྲིས།
“སྡོད་ཁང་གསར་པར་སྤོས་པ་ནི་གོམ་སྟབས་དང་པོ་རེད། ངས་ད་དུང་རྗེས་མཐུད་ཀྱི་ལས་དོན་དག་བསྒྲུབས་ནས་ཚང་མའི་ཡིད་ཆེས་ཆུད་ཟོས་སུ་གཏོང་གི་མིན”“ཁྱེད་རང་མང་ཚོགས་དང་ཇི་ཙམ་ཉེ་བཅར་བྱས་ན་མང་ཚོགས་ཚོ་ཁྱེད་རང་དང་དེ་ཙམ་གྱིས་ཉེ་རུ་འགྲོ་གི་རེད། གནད་དོན་གང་ཡིན་རུང་ཕྱི་གསལ་ནང་གསལ་བྱས་ནས་བཏང་སྙོམས་ངང་ཐག་གཅོད་བྱས་ན་སྐྱོན་གང་ཡང་ཐོན་གྱི་མ་རེད”ཅེས་ཁོང་གིས་བཤད།
ལས་བྱེད་པ་གཞི་རིམ་དུ་བསྐྱོད་ན་དམངས་སེམས་དྲོས་ངེས་རེད། ཁྱབ་ཁོངས་དེ་བས་ཆེན་པོར་ཆ་མཚོན་ན། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་ཏང་ཡོན་ལས་བྱེད་པ་6600ལྷག་ཙམ་འཐབ་ས་དང་པོར་བཅའ་སྡོད་བྱས་ནས་ཨར་ལས་རུ་ཁག་དང་མཉམ་ཟ་མཉམ་སྡོད་ཀྱིས་ལས་དོན་གྱི་ལྷུ་ཚིགས་རེ་རེར་ལྟ་སྐུལ་ཡག་པོ་བྱས་ཏེ། བསྐྱར་སྐྲུན་ལས་འགན་སྤུས་ཚད་མཐོ་ཞིང་ནུས་ཕྱོད་ཆེ་བའི་སྒོ་ནས་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་པ་དང་ཆབས་ཅིག ལས་བྱེད་པ་དང་མང་ཚོགས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་དུང་སྔར་བས་ཟབ་ཏུ་བཏང་བ་དང་། གཞི་རིམ་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་བཏང་ཡོད་པ་རེད།
ས་ཡོམ་ཐེངས་ཤིག་ལས“དོ་དམ་སྟབས་བདེ”ནས“ཞབས་ཞུ་ཞིབ་ཚགས”བར་ལྡོག་མེད་ཀྱི་འགྱུར་ལྡོག་བྱུང་བ་མ་ཟད། རང་འགུལ་ངང་འགྱུར་ལྡོག་འགྲོ་རེ་བྱེད་པའི་འགན་འཁྲི་ཡང་མངོན་ཡོད་པ་རེད།
སྡོད་ཁང་གསར་རྐྱང་དག་ས་མཐོར་བརྟན་ལྷིང་ངེར་བསྐྲུན་ཡོད་པ་དང་། དེ་དག་ལས་ཀྱང་སྲ་ཞིང་བརྟན་པ་ནི་སྨྲ་བ་མེད་པའི་ཡིད་ཆེས་དང་། རིམ་པ་སྤར་བའི་བཅོས་སྐྱོང་། གེགས་བར་བརྒྱུད་རྗེས་སྔར་ལས་སྟོབས་ཆེར་གྱུར་པའི་གཞི་རིམ་གྱི་སྟོབས་ཤུགས་བཅས་ཡིན་པ་རེད།
ཁྲག་རྒྱུན།
བརྩེ་སེམས་མཉམ་དུ་འདྲེས་ནས་བསམ་པའི་ཞིང་ས་བརླན་པར་བྱས་པ།
གནམ་ལོ་གསར་ཚེས་ཀྱི་ཉིན་དེར། གཏིང་སྐྱེས་རྫོང་མགྲོན་དཀོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབང་ཕྱུག་གཉིད་སད་རྗེས་ཀྱི་ལས་ཀ་དང་པོ་ལག་ཐོགས་ཁ་པར་ཐོག་ནས་ཀྲུང་གོ་ལྕགས་བཞུ་ཅུས་ཉེར་གཉིས་པ་ཚོགས་པ་ཚད་ཡོད་ཀུང་སིའི་གཏིང་སྐྱེས་རྫོང་གི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་པུའི་ཅིང་ལི་ཏུང་ཧུའུ་ཀྲེང་ལ“ལོ་གསར་པའི་ནང་ཨར་ལས་བདེ་བླག་ཡོང་བ་དང་ལས་ཡུན་ཕྱི་འགྱངས་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ། གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས”ཞེས་པའི་ཆ་འཕྲིན་ཞིག་བསྐུར་བ་རེད།
ངམ་རིང་རྫོང་བཟང་བཟང་གྲོང་རྡལ་གྱི་ལོ་བདུན་ཅུ་ལྷག་ཙམ་ལ་སླེབས་པའི་རྨོ་བོ་པ་ཆེ་གེ་མོས་ད་ཆ་ཡང་ཁྱིམ་མཚེས་ལ་ཀྲེ་ཅང་ནས་ཡོང་བའི“གཉེན་ཉེའི”སྐོར་ཤོད་ཀྱི་ཡོད། ན་ནིང་བསྐྱར་སྐྲུན་ལ་ཞུགས་པའི་ཀྲེ་ཅང་ནས་ཡིན་པའི་ཁེ་ལས་པ་ཀུའོ་ལི་ཧྥེ་དང་ཏུའུ་ཧང་ཁའེ་གཉིས་ཀྱིས་རྨོ་བོ་ལགས་ཀྱི་སེམས་ཀྱི་སྡུག་བསྔལ་ད་དུང་ཞི་མེད་པ་ཤེས་པས་རྟག་པར་སེམས་གསོ་གཏོང་བར་བསྐྱོད་པ་མ་ཟད། ད་དུང་ཆེད་མངགས་རླངས་འཁོར་བཏང་ནས་གཞིས་རྩེ་གྲོང་ཁུལ་དུ་བསྐྱོད་དེ་གྱོན་ཆས་གསར་པ་དང་བོད་བཟོའི་ཁྱིམ་ཆས་གསར་པ་ཡང་ཉོས་པ་དང་། ཁོང་གཉིས་ཀས་ད་དུང་ལོ་རེར་དུས་བཀག་ལྟར་འཚམས་འདྲིར་ཡོང་ནས། ལམ་ཐག་ལེ་དབར་སྟོང་གིས་ཆོད་པའི་མི་རིགས་དབར་གྱི་མཛའ་བརྩེའི་རྒྱུན་མུ་མཐུད་སྐྱོང་རྒྱུའི་ཁས་ལེན་ཡང་བྱས་པས། རྨོ་བོ་ལགས་སེམས་འགུལ་རབ་ཏུ་ཐེབས་ནས“སྡོད་ཁང་དྲོ་ལ་སེམས་པ་དེ་བས་སྐྱིད”ཅེས་མཆི་ཞག་འཁོར་བཞིན་བཤད།
རྒྱུས་མེད་ནས་རྒྱུས་ལོན་དང་། ལོགས་སྡོད་ནས་མཉམ་འདྲེས་བར་མི་རིགས་ཁག་གི་འཛུགས་སྐྲུན་པ་དང་མང་ཚོགས་ཀྱིས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྒྲུབ་མཉམ་སྤྲོ་བྱས་ཏེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”ས་བོན་གངས་ལྗོངས་ས་མཐོར་རྩ་བ་རྒྱས་པར་བྱས་པ་རེད།
གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་མི་ཉུང་བ་ཞིག་གིས། བསྐྱར་སྐྲུན་བྱས་རྗེས་མང་ཚོགས་ཚོའི“གྱོན་ཆས་དང་སྡོད་ཁང་གཙང་དུ་ཕྱིན་པ་མ་ཟད། སྤྱི་པའི་ས་ཁོངས་ཀྱི་ཁོར་ཡུག་ལ་རང་འགུལ་ངང་སྲུང་སྐྱོང་ཡང་བྱེད་ཀྱི་ཡོད་པ”ཤེས་རྟོགས་བྱུང་ཡོད།
བསྐྱར་སྐྲུན་ལ་ཞུགས་མཁན་མང་ཚོགས་ཚོས། སྡུག་རུས་བྱས་ནས་ཡག་པོ་སྦྱངས་ཚེ་ལག་རྩལ་ནི་དེ་འདྲའི་ཤེས་ཁག་པོ་ཞིག་མིན་ལ། ལག་རྩལ་ལ་བརྟེན་ནས་ཡོང་འབབ་བསགས་ན་གཞི་ནས་བློ་བདེ་པོ་ཡོད་པ་ཤེས་རྟོགས་བྱུང་།
ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་བརྗེད་མི་རུང་། མགུ་རུམ་གྲོང་ཚོའི་མང་ཚོགས་ནོར་བུས“ས་ཡོམ་བརྒྱབ་རྗེས་ང་ཚོར་ཞེད་སྣང་སྐྱེས་ལ་དཀའ་ངལ་དེ་བས་ཀྱང་བྱུང་། ཡིན་ནའང་ཏང་དང་སྲིད་གཞུང་གིས་ང་ཚོ་མུ་མཐུད་གསོན་པོར་འཚོ་བའི་བློ་སྤོབས་སྤྲད་བྱུང”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
འབྲེལ་ཡོད་གསར་འགྱུར།