དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཡོམ་ཁུལ་གྱི་གཅེས་ཕྲུག”ཚེ་རིང་ལྷག་པ་ལོ་གཅིག་ལ་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-08

    ལྷིང་འཇགས་ཁུ་སིམ་གྱི་ཕྱི་དྲོར་བྱིས་པའི་སྐྱིད་སྣང་དོད་པའི་དགོད་སྒྲ་གསལ་པོ་ཞིག་གྲགས་འོང་། དེ་ནི་དམིགས་བསལ་གྱི་བྱིས་པ་ཆུང་ཆུང་ཞིག་སྟེ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་ས་ཡོམ་རིམ་པ་6.8བརྒྱབ་རྗེས་སྐྱེས་པའི་ཕྲུ་གུ་དམར་འབྱར་དང་པོ་ཚེ་རིང་ལྷག་པའི་དགོད་སྒྲ་ཡིན་པ་དང་། མི་རྣམས་ཀྱིས་བྱམས་བརྩེའི་ངང“ཡོམ་ཁུལ་གྱི་གཅེས་ཕྲུག”ཅེས་འབོད་ཀྱི་ཡོད།

    ཟླ་1ཚེས་5ཉིན“ཡོམ་ཁུལ་གྱི་གཅེས་ཕྲུག”ཚེ་རིང་ལྷག་པའི་ནང་མིས་ཆེད་མངགས་སྔ་སྣུར་དུ་ཁོ་བོའི་ལོ་གཅིག་གི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས་པ་རེད། བདེ་སྐྱིད་ལྡན་པའི་དུས་དེའི་ཆེད་དུ་ཡོང་བའི་གསར་འགོད་པ་མང་པོ་ཁང་པའི་ནང་འཛོམས་ཤིང་། པར་ཆས་ཀྱི་སྒྲ་དང་སྐྱིད་སྣང་དོད་པའི་དགོད་སྒྲ་ལས་ཁྱིམ་དེ་འཁྲུག་ཆ་དོད་པོར་གྱུར།

    2025ལོའི་ཟླ་1ཚེས་7ཉིན། ས་ཡོམ་རྒྱག་སྐབས་བུང་ཆུང་དིང་རི་རྫོང་སྨན་ཁང་ལ་བརྟག་དཔྱད་བྱེད་པར་སྐྱོད་པའི་ལམ་དུ་ཡོད། ཤུགས་དྲག་ཆེ་བའི་ས་ཡོམ་ལས་ནང་མི་ཚང་མར་སེམས་ཁྲལ་ཚད་མེད་བྱུང་སྟེ་འཕྲལ་མར་ཁྱིམ་དུ་ལོག་རྒྱུའི་ཐག་བཅད། འོན་ཀྱང་མཚན་མོར་གཟུགས་པོའི་རྐྱེན་གྱིས་བུང་ཆུང་སླར་ཡང་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་བསྐྱལ་བ་དང་། བརྟག་དཔྱད་རབ་དང་རིམ་པ་བྱས་པ་བརྒྱུད་སྨན་པས་ཁོང་ལ་གཤགས་བཅོས་བྱས་ཤིང་། ཚེས་8ཉིན་ཕྲུ་གུ་བུ་ཞིག་བདེ་བླག་ངང་སྐྱེས་པ་རེད།

    ལོ་གཅིག་རིང་། བུང་ཆུང་ཁྱིམ་དུ་ཁྱིམ་གཞིས་བསྐྱར་སྐྲུན་གྱི་བྲེལ་བས་ཁེངས་ཡོད་ལ། བདེ་སྐྱིད་ལྡན་པའི་དུས་ཀྱང་མང་པོ་ཡོད། ཁོང་ཚོས་གྲམ་མཚོ་ཤང་རྩྭ་གྲོང་ཚོའི་ཡུལ་མི་ཚོ་དང་མཉམ་དུ་ཞིག་རོ་གཙང་སེལ་བྱས་ནས་གནས་སྐབས་སྡོད་གནས་བསྐྲུན་པ་དང་། རིམ་ཁག་ཏང་ཨུད་སྲིད་གཞུང་དང་སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣའི་རོགས་སྐྱོར་འོག་རིམ་བཞིན་ཁྱིམ་གཞིས་བསྐྱར་སྐྲུན་བྱས། ངལ་དུབ་དང་དཀའ་ངལ་ག་ཚོད་ཆེ་ནའང་ཉིན་རེ་བཞིན་འཚར་ལོངས་ཡོང་བའི་ཕྲུ་གུ་མཐོང་སྐབས་ནང་མི་ཚོར་སེམས་གསོ་དང་སྤྲོ་སྣང་ཚད་མེད་ཡོང་གི་ཡོད།

    ད་ཆ། བསྐྱར་དུ་བསྐྲུན་པའི་ཁང་པ་གསར་པ་ཁམས་གཙང་ལ་དཀར་ཆ་དོད་ཅིང་། ཚོམས་ཆེན་དུ་བརྙན་འཕྲིན་སྒམ་གསར་རྐྱང་ཞིག་བསྒྲིཌ་པ་དེའི་ཐོག་བརྙན་འཕྲིན་གསར་པ་བཞག་ཡོད་ལ། ཐབ་ཆས་ཀྱང་གསར་རྐྱང་ཉོས་ཡོད། “ཁང་པ་གསར་པའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་110ཡོད་པས་སྡོད་ས་ཧ་ཅང་གུ་ཡངས་པོ་འདུག་ལ་སེམས་པ་ཡང་སྐྱིད་པོ་འདུག”ཅེས་བུང་ཆུང་གིས་གད་མོ་དགོད་བཞིན་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།