དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བཀྲ་ཤིས་དབང་མོས་བརྗོད་དོན།

    ལྕགས་ལམ་གྱི་བདེ་འཇགས་ཆེད་ལང་ཚོ་སྐྱེས་སུ་འབུལ་གྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-08

    ད་ལོ་ནི་བཀྲ་ཤིས་དབང་མོ་མཚོ་བོད་ལྕགས་ལམ་དུ་ལས་ཀར་ཞུགས་པའི་ལོ་དྲུག་པ་དེ་རེད།

    2019ལོར“95ནང་སྐྱེས”ཀྱི་བོད་རིགས་བུ་མོ་དེས་མཚོ་བོད་ལྕགས་ལམ་ལ་དམིགས་བསལ་གྱི་བརྩེ་དུང་ཡོད་སྟབས། སེམས་ཐག་གཙང་བཅད་ཀྱིས་ལྕགས་ལམ་བདག་སྐྱོང་དཔུང་ཁག་ནང་ཞུགས་ཏེ། ལྕགས་ལམ་དང་འགྲོགས་པའི་མི་ཚེའི་འགྲུལ་བཞུད་འགོ་བཙུགས།

    ཐོག་མར་ལས་གནས་སུ་སླེབས་སྐབས་བཀྲ་ཤིས་དབང་མོར་བསམ་ཚོད་ལས་འདས་པའི་འགྲན་སློང་མང་པོ་འཕྲད།

    “ཐེངས་དང་པོ་ང་རང་གཅིག་པུར་ལས་ཀ་བྱེད་སྐབས། ཡོ་ཆས་སྟེང་འགུལ་སྐྱོད་རྒྱག་པའི་རླབས་རིས་ལ་ལྟ་བཞིན་ལག་པའང་འདར་གྱི་འདུག”ཅེས་བཀྲ་ཤིས་དབང་མོས་དྲན་གསོ་བྱེད་བཞིན་བརྗོད། རྙོག་འཛིང་ཆེ་བའི་སྐྱོན་བཤེར་སྒྲིག་ཆས་ཀྱི་བཀོལ་སྤྱོད་ཀྱི་བརྒྱུད་རིམ་དང་ཆེད་ལས་ཀྱི་དཔྱད་ཞིབ་ཐ་སྙད་སོགས་ལས་ཁོ་མོས་ལས་ཀ་འདི་བལྟས་པ་བཞིན་ལས་སླ་པོ་ཞིག་གཏན་ནས་མིན་པའི་ངོས་འཛིན་གསལ་པོ་ཐུབ་ཡོད།

    ལག་རྩལ་གང་མགྱོགས་ཁོང་དུ་ཆུད་ཐུབ་པར་བྱ་ཆེད། བཀྲ་ཤིས་དབང་མོས་ཁོམ་པ་ཡོད་ཚད་སྤྱད་དེ་རྒན་རབས་ལ་བཀའ་འདྲི་ཞུ་བ་དང་དཔེ་དབྱིབས་སྒྲིག་ཆས་ཐོག་གློག་མིག་བསྒར་སྟངས་དང་གཞི་གྲངས་ལེགས་སྒྲིག་བྱེད་སྟངས་སོགས་བྱང་ཆུབ་པར་སྦྱངས།

    ཟླ་བ་གསུམ་གྱི་རྗེས་སུ། ཡངས་པ་ཅན་མེ་འཁོར་འབབ་ཚུགས་ཀྱིས་འཆར་ཅན་བཞིན་ཞིབ་དཔྱད་བྱེད་རིང་། ལྟ་ཞིབ་ལ་མཁས་པའི་བཀྲ་ཤིས་དབང་མོས་སྐྱོན་འཚོལ་ཡོ་ཆས་ཀྱི་འཆར་ཤེལ་ནས་རྒྱུན་གཏན་མིན་པའི་རླབས་རིས་ཤིག་ཤེས་རྟོགས་ཐུབ་པ་དང་། བསྐྱར་ཞིབ་བྱས་རྗེས་འཁོར་ལམ་གྱི་ལྟེ་བར་སེར་ག་ཅུང་ཟད་གས་ཡོད་པ་གཏན་འཁེལ་བྱུང་ནས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བདེ་བླག་ངང་བསལ་བ་རེད།

    ས་མཐོར་ལྕགས་ལམ་ལ་སྐྱོན་ཡོད་མེད་འཚོལ་བའི་ལས་ཀ་བྱེད་པར་ཆེད་ལས་ཀྱི་འཇོན་ཐང་དགོས་པ་མ་ཟད། མི་གཞན་ལས་དེ་བས་དཀའ་སྤྱད་སྡུག་རུས་ཐུབ་པ་དགོས་ཀྱི་ཡོད།

    ས་བབ་སྨི་4300ཡན་དུ་གསོ་རླུང་འདུས་ཚད་ཐང་གཤོངས་ཀྱི་ཕྱེད་ཀ་ཙམ་ཡང་ཟིན་གྱི་མེད་པས། ཞིབ་དཔྱད་བྱེད་སྐབས་དབུགས་ཧལ་བ་སོགས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱེད་དགོས་ཀྱི་ཡོད་ལ། མཚོ་བོད་ལྕགས་ལམ་རྒྱུད་ཀྱི་གནམ་གཤིས་འགྱུར་ལྡོག་འགྲོ་མང་བས་ལས་ཀར་དེ་བས་དཀའ་ལས་ཆེན་པོ་འཕྲད་ཀྱི་ཡོད།

    ལས་ཀའི་ཉམས་མྱོང་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་སོང་བ་དང་སྦྲགས། བཀྲ་ཤིས་དབང་མོས་རང་ཉིད་ཀྱི་ལས་ཀར་ཡང་ངོས་འཛིན་གསར་པ་ཞིག་བྱུང་ཡོད། “ང་ཚོའི་འགན་འཁྲི་ཧ་ཅང་ལྕི་བས། ང་ཚོ་ནི‘ལྕགས་ལམ་གྱི་སྨན་པ’ལྟ་བུ་རེད། ང་ཚོས་ཚད་བརྒལ་སྒྲ་རླབས་ཀྱི་སྐྱོན་བཤེར་ཡོ་ཆས་ལ་བརྟེན་ནས་ལྕགས་ལམ་ལ་ཞིབ་བཤེར་བྱས་ཏེ། མེ་འཁོར་ཚང་མ་འགྲོ་སྐྱོད་བརྟན་པོ་དང་བདེ་འཇགས་ཡོང་བར་བྱེད་བཞིན་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།