བོད་ཀྱི་ཤང་དང་གྲོང་རྡལ་དུ་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ།
གསར་འགོད་པར་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་བོད་དུ་འགྲོ་འོང་བྱེད་སའི་གཞུང་ལམ་ཆེན་པོའི་མ་ལམ་གྱི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭ་སྤྱི་ལེ་3432བསྐྲུན་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་6595གསར་སྐྲུན་རྒྱས་སྐྲུན་བྱས་པ་རེད། བོད་ཡོངས་སུ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་རིང་ཚད་སྔོན་དཔག་བྱས་ན་སྤྱི་ལེ་ཁྲི་12.52ཟིན་པ་དང་། རིམ་པ་མི་འདྲ་བའི་གཞུང་ལམ་སྤྱི་ལེ་ཁྲི་11ཟིན་པ། སྤྱིར་བཏང་གི་རྒྱལ་ལམ་རིམ་པ་གསུམ་ཡན་གྱི་གཞུང་ལམ་གྱི་བསྡུར་ཚད་95%ཟིན་པ། ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%དང་92.48%སོ་སོར་ཟིན་ཡོད་པ་རེད།
2025ལོར། བོད་དུ་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་167ལག་བསྟར་བྱས་ནས་ཤང་དང་གྲོང་རྡལ་14དང་སྲིད་འཛིན་གྲོང་ཚོ་231ལ་ཨར་འདམ་ལམ་བསྐྲུན་ཡོད། གྲོང་གསེབ་གཞུང་ལམ་གྱི་ཉེན་ཆེའི་ཟམ་པ་171སྒྱུར་བཀོད་བྱས་པ་དང་བདེ་འཇགས་ཚེ་སྲོག་འགོག་སྲུང་ལས་གྲྭ་སྤྱི་ལེ་1624བསྐྲུན་ནས་བདེ་འཇགས་འགན་སྲུང་གི་ནུས་པ་ཆེ་རུ་བཏང་ཡོད། སྲིད་འཛིན་གྲོང་ཚོ་28ལ་འགྲུལ་སྐྱེལ་རླངས་འཁོར་མང་དུ་བཏང་བས། ཤང་དང་གྲོང་རྡལ་623དང་སྲིད་འཛིན་གྲོང་ཚོ་3902ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཡོད།
གཞན་ཡང་། བོད་ཀྱིས་འགྲིམ་འགྲུལ་དང་ཟོག་འགྲེམས་ཀྱི་མ་གནས་ཉུང་གཏོང་དང་སྤུས་འབྲས་ལེགས་གཉེར་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་པས། ལོ་ཧྲིལ་པོར་གཞུང་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་1626.33དང་དངོས་ཟོག་ཏུན་ཁྲི་4990.09སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་12%དང་1.44%སོ་སོར་འཕར་ཡོད། སྐྱེལ་འདྲེན་ཞབས་ཞུའི་མཁོ་སྤྲོད་སྤུས་ཚད་མཐོ་རུ་བཏང་བ་དང་འགྲོ་ལམ་དྲ་རྒྱའི་ཟོག་འདྲེན་ལས་སྟེགས་ཀྱི་ནུས་པ་བཏོན་པས། དྲ་རྒྱའི་སྐྱེལ་འདྲེན་མངགས་ཐོ་ཁྲི་19.23ལེགས་གྲུབ་བྱུང་བ་དང་། “ཞིང་སྒྲོལ་ཀུན་སྒྲུབ”དང“ལས་ཕྱོད་ཆེན་པོས་དོན་དག་གཅིག་སྒྲུབ”ཐུབ་ཚད་94%དང་72%སོ་སོར་ཟིན་པ། “དྲ་ཐོག་ནས་སྤ་སེ་བཙོངས”ཚད་70%ལྷག་ཙམ་ཟིན་ནས་འགྲིམ་འགྲུལ་སྐྱེལ་འདྲེན་དེ་ཡུལ་སྐོར་དང་། ནུས་རྒྱུ། སྦྲག་ལས། འཕྲིན་གཏོང་བཅས་དང་མཉམ་འདྲེས་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད།
2026ལོར། བོད་ཀྱིས་འགྲིམ་འགྲུལ་འཛུགས་སྐྲུན་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགན་ལེན་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། “གྲོང་གསེབ་ཀྱི་ལམ་ཡག་པོ་བཞི”འཛུགས་སྐྲུན་སྔར་བས་ལེགས་པར་བྱེད་པ། དེ་བྱིངས་ཀྱི་སྲིད་འཛིན་གྲོང་ཚོར་ཤར་གཏོང་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཏུ་འགྲུལ་པ་དང་། དངོས་ཟོག སྦྲག་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་གཏོང་རྒྱུ་རེད། གཞན་ཡང་། བོད་ཀྱིས་ད་དུང་ཟོག་འགྲེམས་ཀྱི་མ་གནས་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་རིམ་གསུམ་ཟོག་འགྲེམས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། བཟའ་འབྲུ་དང་ནུས་རྒྱུ་སོགས་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་ཐུབ་པ་དང་ལས་ཕྱོད་ཆེན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།