“བུ་གསོའི་ཁྱིམ་ཚང་ལ་ཟླ་རེར་ཁ་གསབ་དངུལ་སྒོར་300ལྷག་ཙམ་མང་དུ་ཕྱིན་པ”
2026ལོ་འཁོར་གྱི་བུ་གསོའི་ཁ་གསབ་དངུལ་རེ་ཞུ་བྱེད་པའི་ཉིན་དང་པོའི་མཐོང་ཐོས།
ཀྲུའུ་ཞི་ཞི་ཞི་ཅིན་ཕིང་གིས་2026ལོའི་ལོ་གསར་གྱི་ཤིས་ཚིག་ནང“འདས་ཟིན་པའི་ལོ་གཅིག་ནང་། གསར་དུ་ལས་ཀར་ཞུགས་པའི་ཚོགས་སྤྱིའི་ཁེ་དབང་ལ་སྔར་བས་འགན་ལེན་བྱུང་བ་དང་། རྒན་འཕྲོད་སྒྱུར་བཀོད་ཀྱིས་རྒན་རྒོན་ཚོར་སྟབས་བདེ་བསྐྲུན་པ། བུ་གསོའི་ཁྱིམ་ཚང་ལ་ཟླ་རེར་ཁ་གསབ་དངུལ་སྒོར་300ལྷག་ཙམ་མང་དུ་ཕྱིན་ཡོད”ཅེས་གསུངས་པ་རེད།
“ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་ཆེད་མངགས་བུ་གསོའི་ཁ་གསབ་སྐོར་གླེང་གནང་བས་དངོས་འབྲེལ་སེམས་ནང་དགའ་ལྷང་ལྷང་གི་སྣང་བ་ཞིག་ཡོང་གི་འདུག”ཟླ་1ཚེས་4ཉིན། ཀོང་ཤིས་ཀུའེ་ཀང་གྲོང་ཁྱེར་ཀང་པེ་ཆུས་ཆིང་ཧྥུང་གྲོང་རྡལ་ཐའེ་ཐུང་གྲོང་ཚོའི་གྲོང་མི་ལེའོ་ལི་ཀྲན་ལ་ལོ་གསར་པར་བུ་གསོའི་ཁ་གསབ་དངུལ་རག་ཡོད། ཁོང་ཁྱིམ་དུ་ཕྲུ་གུ་གསུམ་ཡོད། ལག་ཐོགས་ཁ་པར་ཐོག་2025ལོའི་བུ་གསོའི་ཁ་གསབ་དངུལ་སྒོར་ཁྲི་1.08འབྱོར་བའི་ཆ་འཕྲིན་མཐོང་སྐབས་སེམས་ནང་དགའ་ཚོར་ཆེན་པོ་སྐྱེ་བཞིན“དངུལ་དེ་ངའི་ཟླ་བ་གཉིས་ཀྱི་གླ་ཕོགས་དང་འདྲ་པོ་རེད། ད་ལོ་འོ་རྩམ་དང་ཆབ་གདན་ཉོ་བར་སེམས་ཁྲལ་བྱེད་དགོས་མི་འདུག”ཅེས་བཤད།
ལེའོ་ལི་ཀྲན་ནི་ཞིང་པ་ཞིག་ཡིན་ཞིང་། ཁོང་ཁྱིམ་དུ་སྒང་ལ་ཕ་མ་དང་འོག་ལ་ཕྲུ་གུ་གསོ་རྒྱུ་ཡོད་སྟབས་དུས་ཚོད་ཕལ་ཆེ་བ་ཕྱིར་གླ་པར་སྐྱོད་ཀྱི་ཡོད། ཕྲུ་གུ་གསུམ་སྐྱེས་རྗེས་ཁྱིམ་ཚང་གི་འགྲོ་སོང་ཡང་མང་དུ་སོང་ནས་འཚོ་བའི་གནོན་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།
ན་ནིང་གི་ཟླ་བ་བརྒྱད་པར། བུ་གསོའི་ཁ་གསབ་དངུལ་རེ་ཞུ་བྱེད་ཆོག་པ་ཐོས་རྗེས་ལེའོ་ལི་ཀྲན་གྱིས་སྐད་འཕྲིན་གྱི“བུ་གསོའི་ཁ་གསབ”ཀྱི་བྱ་རིམ་ཆུང་ངུ་བརྒྱུད་ཐོབ་ཐང་ལག་ཁྱེར་དང་ཕྲུ་གུ་སྐྱེས་པའི་དཔང་རྟགས་སོགས་བཤར་འབེབས་གཏོང་སྐྱེལ་བྱས་ནས་མ་ལག་གིས་ཞིབ་དཔྱད་བྱེད་པར་བསྒུགས་ནས་བསྡད།
ཟླ་1ཚེས་5ཉིན། 2026ལོ་འཁོར་གྱི་བུ་གསོའི་ཁ་གསབ་རེ་ཞུ་བྱེད་འགོ་ཚུགས་རྗེས་ལེའོ་ལི་ཀྲན་གྱིས་སྔ་ས་ནས་རེ་ཞུ་ཕུལ། “‘མུ་མཐུད་ལེན་པ’མནན་ཚེ་འགྲིག་པས་བརྒྱུད་རིམ་ཧ་ཅང་སྟབས་བདེ་པོ་རེད་འདུག”ཅེས་ལེའོ་ལི་ཀྲན་གྱིས་དགའ་ཚོར་ཆེན་པོས་བཤད།
ཀུའེ་ཀང་གྲོང་ཁྱེར་ནི་རྒྱལ་ཡོངས་ཀྱི་བུ་གསོའི་ཁ་གསབ་ཚོད་ལྟའི་གྲོང་ཁྱེར་གྱི་གྲས་ཤིག་རེད། མིག་སྔའི་བར་ཀུའེ་ཀང་གྲོང་ཁྱེར་གྱི་2025ལོ་འཁོར་གྱི་བུ་གསོའི་ཁ་གསབ་དངུལ་སྤྲོད་ཚད་93.74%ཟིན་ཡོད་པ་རེད།
གསར་འགོད་པར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2026ལོ་འཁོར་གྱི་བུ་གསོའི་ཁ་གསབ་ཟླ་1ཚེས་5ཉིན་ཕྱོགས་ཡོངས་ནས་རེ་ཞུ་བྱེད་ཆོག་གི་ཡོད། རེ་ཞུའི་ཆ་རྐྱེན་དང་འཚམ་པའི་ཕྲུ་གུ་དམར་འབྱར་དང་བྱིས་པ་ཡིན་རིགས་ཁོང་ཚོའི་རེ་ཞུ་བྱེད་མཁན་གྱིས་དངུལ་སྤྲོད་འབོ་དང་། སྐད་འཕྲིན་ལས་སྟེགས་ཀྱི“བུ་གསོའི་ཁ་གསབ”ཀྱི་བྱ་རིམ་ཆུང་ངུ་། ཕྲུ་གུ་དམར་འབྱར་དང་བྱིས་པའི་ཐེམ་ཐོ་གནས་སའི་ཤང་དང་གྲོང་རྡལ་དང་དེ་བཞིན་ཁྲོམ་གཞུང་བཅས་ནས་རེ་ཞུའི་འགྲོ་ལུགས་གཉེར་ཆོག་གི་ཡོད་པ་རེད།
2026ལོ་འཁོར་གྱི་བུ་གསོའི་ཁ་གསབ་དྲ་ཐོག་ནས་རེ་ཞུ་བྱས་ཚེ་དེ་བས་སྟབས་བདེ་པོ་ཡོད་ཅིང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཆ་འཕྲིན་དོ་དམ་མ་ལག་དམངས་ཕན་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མ་ལག་གིས་མུ་མཐུད་ལེན་པའི་ནུས་པ་སྔར་བས་མང་དུ་བཏང་བ་སྟེ། 2025ལོར་བུ་གསོའི་ཁ་གསབ་དངུལ་བླངས་པ་དང་། ལོ་གསར་པར་བུ་གསོའི་ཁ་གསབ་དངུལ་མུ་མཐུད་ལེན་ཆོག་པའི་ཆ་རྐྱེན་འཛོམས་པའི་ཕྲུ་གུ་དམར་འབྱར་དང་བྱིས་པའི་རེ་ཞུ་བྱེད་མཁན་གྱིས་མུ་མཐུད་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།
བུ་གསོའི་ཁུར་པོ་ཡང་དུ་གཏོང་བ་དང་། བུ་བཙའི་སེམས་ཁྲལ་ཆུང་དུ་གཏོང་བ། ཕྲུ་གུ་མང་ཙམ་སྐྱེ་རྒྱུར་སྐུལ་ལྕག་གཏོང་བ་བཅས་བྱ་ཆེད། 2025ལོའི་ཟླ་བ་བདུན་པར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《བུ་གསོའི་ཁ་གསབ་ལམ་ལུགས་ཀྱི་ལག་བསྟར་ཇུས་གཞི》བཀྲམ་ནས། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་ནས་སྐྱེས་པའི་ལོ་3མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པར་ལོ་ལྟར་ཕྲུ་གུ་རེར་ཁ་གསབ་དངུལ་སྒོར་3600སྤྲོད་རྒྱུ་དང་། དེ་ལོ་3ལ་མ་སླེབས་བར་ལེན་ཆོག་གི་ཡོད་པ་རེད།
2025ལོའི་ལོ་མཇུག་བར། ཞིང་ཆེན་31ལ་བུ་གསོའི་ཁ་གསབ་དངུལ་སྤྲད་པས་མི་ཁྲི་2400ལྷག་ཙམ་ལ་ཁ་གསབ་དངུལ་རག་ཡོད། 2025ལོ་འཁོར་གྱི་བུ་གསོའི་ཁ་གསབ་དངུལ་སྤྲོད་ཚད་80%ཡས་མས་ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།