དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཁོང་ཚོས“འཚོ་གནས་ཁག་ཤོས”ཡུལ་དུ་རྒྱལ་དར་བསྒྲེངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-07

    “སྐར་ལྔའི་དར་དམར་ལ་གུས་འདུད་ཞུ”

    སྨི་5373ཟིན་པའི་ས་མཐོའི་ལོ་གསར་པ་དེ་འབོད་སྒྲ་ཞིག་ནས་འགོ་ཚུགས། ས་བབ་མཐོ་ཤོས་ཀྱི་མཐའ་མཚམས་མངགས་གཏོང་ཁང་དུ། མི་དམངས་ཉེན་རྟོག་པ་ལི་ཐེན་ཅའོ་དང་ཉེན་རྟོག་པ་གསར་པ་ཀུན་བཟང་རང་གྲོལ་གཉིས་ཀྱིས་རྒྱལ་དར་སྒྲེང་བའི་སྟ་གོན་བྱས།

    བརྗིད་ཉམས་ལྡན་པའི་རྒྱལ་དར་དམར་པོ་དལ་བ་དལ་བུར་མཁའ་རུ་འཕགས་ཤིང་། རྒྱང་རིང་གི་གངས་ཕུ་འཁྱགས་རོམ་ཐོག་ཞོགས་པའི་ཉི་ཟེར་འཕྲོས་ནས་གསེར་འོད་ལམ་ལམ་བྱེད་པ་དང་། སྔ་མོར་ལངས་པའི་འབྲོག་པ་ཚོས་ལག་པ་བྲང་ལ་གཞག་ནས་མིག་ཟུང་རྒྱལ་དར་ལ་ཕྱོགས།

    བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་ལོ་གསར་པའི་ཉིན་དང་པོར། སྐར་ལྔའི་དར་དམར་ཞོགས་པའི་མཚམས་སྤྲིན་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ།

    མཛད་སྒོ་མཇུག་སྒྲིལ་རྗེས། ཉེན་རྟོག་པ་འགའ་ཞིག་གྲོང་ཚོའི་སྲང་ལམ་དུ་བསྐྱོད།

    “ལོ་གསར་ལ་བཀྲ་ཤིས་བདེ་ལེགས”ཞེས་མཚོ་མགོ་གྲོང་ཚོར་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ཀྲང་པོ་ལིན་གྱིས་འབྲོག་པ་རྣམས་ལ་འཚམས་འདྲི་ཞུས།

    འོ་མ་འཇོ་བཞིན་པའི་ཕུར་བུ་ཚེ་རིང་ཡར་ལངས་ནས་འཛུམ་དམུལ་དམུལ་ངང“བཀྲ་ཤིས་བདེ་ལེགས། ཁྱེད་རྣམས་ཡོད་པས་བློ་བདེ་པོ་འདུག”ཅེས་བཤད།

    སྐོར་ཞིབ་བྱས་ནས་མཐའ་མཚམས་སུ་སླེབས་སྐབས། ཉེན་རྟོག་པ་ཞུས་པིན་ཆོན་གྱིས་ལྕགས་ར་བརྟན་པོ་མེད་པ་མཐོང་བས་ན་འཕྲལ་དུ་སྐམ་པ་བླངས་བས་གསོ་རླུང་དཀོན་པའི་རྐྱེན་གྱིས་མགོ་བོ་ནག་འཐོམ་འཐོམ་དུ་གྱུར།

    མངགས་གཏོང་ཁང་དུ་ཕྱིར་ལོག་བྱེད་སྐབས་ཉིན་གུང་ཟིན་ཞིང་། ཚང་མ་མཉམ་དུ་བསྡད་ནས་དམིགས་བསལ་གྱི་ལོ་གསར་ལག་རྟགས་ཤིག་ལ་ཐུམ་བརྒྱབ།

    མི་རིང་པའི་གོང་། ཧའེ་ནན་སློབ་ཆེན་གཅེས་སེམས་སྒྱུ་རྩལ་ཚོགས་པས་སྐེ་དཀྲིས་དང་། བྱེ་རིལ། འཕྲིན་ཡིག་བཅས་བསྐུར་བར། དེ་རིང་ཉེན་རྟོག་པ་ཚོས་མཐའ་སྲུང་གི་སེམས་རྡོ་དང་འཕྲིན་ཡིག་སོགས་འཕྲིན་ལན་གྲ་སྒྲིག་བྱས།

    ལག་རྟགས་ཁྲོད་དུ་རྒྱལ་དར་གཅིག་ཡོད་པར་སུའོ་ཀྲང་ཕུར་བུ་བཀྲ་ཤིས་ཀྱིས་བྱིལ་བྱིལ་བྱེད་བཞིན“འདིས་ང་ཚོ་དང་མཉམ་དུ་མཐའ་མཚམས་སྲུང་མྱོང་ཡོད། ད་ཆ་རི་ཀླུང་བརྒལ་ནས་སེམས་འབྲེལ་ཟམ་པ་ལྟ་བུར་གྱུར་ཡོད”ཅེས་བཤད།

    འཕྲིན་ཡིག་ནང་དུ། ཚང་མས་གངས་རི་དང་གྲང་ལྷགས་ཀྱི་སྐོར་བཤད་པ་དང་ཆབས་ཅིག་རྒྱ་མཚོའི་ལྗོངས་རྣམ་སྐོར་ཡང་དྲིས་ཡོད།

    ཉིན་གུང་ལྟོ་ཟོས་རྗེས། སླར་ཡང་ལམ་ལ་ཆས། ལམ་བུ་ཀྱག་ཀྱོག་ཆེ་ཞིང་སྒེའུ་ཁུང་ཕྱི་རོལ་དུ་མུ་མཐའ་མེད་པའི་ཁ་བ་ལས་གཞན་མཐོང་རྒྱུ་མེད་ཀྱང་། མདུན་ཕྱོགས་སུ་དྲོ་ཁོལ་ལྡན་པའི་རེ་སྒུག་ཅིག་ཡོད།

    “མྱུར་དུ་ནང་ལ་ཕེབས་ཤོག ཇ་ཚ་པོ་མཆོད་དང”ཞེས་ས་མཚམས་གྲོང་ཚོའི་གྲོང་མི་བསོད་ནམས་རྡོ་རྗེས་སྤྲོ་སེམས་འཁོལ་བའི་སྣེ་ལེན་ཞུས།

    མཐུག་ལ་ལྕི་བའི་སྒོ་ཡོལ་བཀྱགས་ཙམ་གྱིས་ཇ་བསྲུབས་མའི་དྲི་ཞིམ་ངང་གིས་འཐུལ། སྔོན་ཆད་དཀའ་ངལ་ཆེ་བའི་ཁྱིམ་ཚང་དེས་མངགས་གཏོང་ཁང་གི་རོགས་རམ་འོག་ཟ་ཁང་ཞིག་གཉེར་བས་འཚོ་བ་ལེགས་སུ་ཕྱིན་ཡོད་པ་རེད།

    ཕྱི་དྲོར། ཁྱོ་ཤུག་གཉིས་ཀྱིས་ལོ་གཅིག་རིང་གི་འགྱུར་ལྡོག་ཞིབ་ཏུ་བགྲངས། ལྷན་སྐྱེས་རང་བཞིན་གྱི་ཀླད་ནད་ཕོག་པའི་བུས་མི་དམངས་ཉེན་རྟོག་པས་སྤྲད་བའི་རྩེད་ཆས་རླངས་འཁོར་རྩེས་བཞིན་འདུག

    “མངགས་གཏོང་ཁང་གིས་ངའི་ཁྱིམ་ལ་ཐོག་མཐའ་བར་གསུམ་དུ་ལྟ་རྟོག་བྱས་བྱུང”ཞེས་བཤད་ཞོར་བསོད་ནམས་རྡོ་རྗེའི་མིག་མཐར་མཆི་མ་འཁོར།

    དེ་ནས་མདུན་དུ་བསྐྱོད་ན་མཚོ་མོའི་ཁྱིམ་རེད། ཁོང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བུ་བསོད་ནམས་ཟླ་བ་ཧྲང་ཧའེ་རུ་གཤགས་བཅོས་བྱས་པས་ད་ཆ་སང་དྲག་ཏུ་ཕྱིན་ནས་སློབ་ཆུང་འགྲིམ་བཞིན་ཡོད་པ་རེད།

    སླར་ཡང་གྲོང་ཚོ་ཁ་ཤས་ལ་བསྐྱོད། ཕྱིར་ལོག་སྐབས། མཁའ་མཐར་ཁ་དོག་རྣམ་པར་བཀྲ་བའི་མཚམས་སྤྲིན་འཆར་འདུག

    མངགས་གཏོང་ཁང་གི་ཟ་ཁང་དུ་ལ་ལས་གྲོ་ཞིབ་རྫི་བ་དང་། ལ་ལས་ཅའོ་ཙིའི་ཤུན་པ་བདལ་བ། ལ་ལས་ནང་ཆ་བཟོ་བ་སོགས་ཚང་མ་ལོ་གསར་གྱི་ཅའོ་ཙི་བཟོ་བར་བྲེལ་བཞིན་མཆིས།

    “ཆུང་མ་དང་མཉམ་དུ་འཚོ་བ་བསྐྱལ་བའི་དུས་ཡུན་དེ་ལས་གྲོགས་ཚོ་དང་མཉམ་དུ་བསྐྱལ་བའི་དུས་ཡུན་ལས་ཀྱང་ཐུང”ཞེས་མི་དམངས་ཉེན་རྟོག་པ་ཀུང་ཀྲེང་མའོ་ཡིས་ཅུང་གནོང་འགྱོད་ཡོད་པའི་ངང་དེ་ལྟར་བཤད།

    2024ལོའི་ཟླ་2ཚེས་21ཉིན། ཕུ་མ་བྱང་ཐང་དུ་ཐོག་མར་སླེབས་སྐབས། ལི་ཐེན་ཅའོ་དང་། ལི་ཧུང་ཡན། ཝུའུ་ཧུའེ། ཁྲེན་ཆིན་ཧྥུང་བཅས་ཉེན་རྟོག་པ་གསར་པ་བཞི་ལ་དུག་བརྒྱབ་པའི་རྐྱེན་གྱིས་ལུས་ཤུགས་མེད་པར་གྱུར་སྟེ་རླངས་འཁོར་ནང་ཉལ་བསྡད་པའི་རྣམ་པ་ཡིད་ལ་འཁོར།

    འབྲོག་ཁུལ་དུ་སླེབས་ནས་དལ་བུར་སྐྱོད་སྐབས། བྱིས་པ་སྐོར་ཞིག་ཡོང་ནས་གད་མོ་འཚེར་འཚེར་ངང་རླངས་འཁོར་གྱི་སྒེའུ་ཁུང་བརྡུངས་པས་ཚང་མ་གཞི་ནས་རྣམ་རིག་བཀྲ་བར་གྱུར་ཞེས་ལི་ཐེན་ཅའོ་ཡིས་བཤད།

    བྱིས་པ་ཚོས་ཉེན་རྟོག་པའི་གྱོན་ཆས་ངོ་ཤེས་ཀྱི་འདུག དེ་ནི་རྒན་རབས་པ་ཚོས་མི་རབས་མང་པོར་ལྷག་བསམ་རྣམ་དག་བྱས་པའི་བཀའ་དྲིན་ཡིན།

    ནུབ་ཁའི་མཚམས་སྤྲིན་ཡོངས་སུ་ཡལ་བའི་མཁའ་དབྱིངས་སུ་སྐར་མ་ཁྲི་མ་འབུམ་གྱི་འཛུམ་ཞལ་མངོན།

    ཕུ་མ་བྱང་ཐང་དུ་ལོ་གསར་ཐེངས་གཉིས་པ་རོལ་སྐབས“ཨ་ཕ་ཨ་མ་ལགས། ཡང་ལོ་གཅིག་ཕྱིན་སོང་། ངས་འགན་འཁྲི་ཚང་མ་ལེགས་སྒྲུབ་བྱས་ཡོད”ཅེས་1996ལོར་སྐྱེས་པའི་ལི་ཐེན་ཅའོ་ཡིས་བཤད།

    གཉེན་ཉེ་ལེ་དབར་ཁྲི་ཕྲག་མཚམས་སུ་ལུས། བརྩེ་བ་རི་ཀླུང་སྟོང་གིས་ཆོད། ཆ་སྙོམས་ལོ་ན་30ཡང་མི་ཟིན་པའི་ཁོང་ཚོས་གངས་རིར་གཞི་ཚུགས་ཤིང་སྐར་ལྔའི་དར་དམར་བསྲུངས་ནས་ང་ཚོར་དྲོ་སྐྱིད་སྦྱིན་གྱི་ཡོད།

    “2026ལོའི་ཟླ་1ཚེས་1ཉིན། རྒྱལ་དར་སྒྲེང་བའི་མཛད་སྒོ་བདེ་བླག་བྱུང་བ་དང་། སྐོར་ཞིབ་སྤྱི་ལེ་42དང་འབྲོག་དུད་7ལ་འཚམས་འདྲི་བྱས་ཤིང་། རོགས་སྐྱོར་ཐེངས་གསུམ་བྱས། ཧའེ་ནན་སློབ་ཆེན་ལའང་ཐུམ་སྒྲིལ་བསྐུར་ཟིན། ད་དུས་བདེ་ཞོད་འཇགས་རེད”

    འདི་ནི་ཕུ་བུ་བཀྲ་ཤིས་ཀྱི་ཉིན་ཐོ་རེད། ལོ་གསར་པའི་ཉིན་དང་པོ་འགོ་ཚུགས་སོང་།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།