“འདི་ནི་སྲིད་ཏང་ཞིག་གི་གསོན་ཤུགས་ཡུན་རིང་རྒྱུན་འཁྱོངས་ཐུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད”
—— རྒྱལ་སྤྱིའི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་གིས་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་གདེང་འཇོག་བྱས་པ།
སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ཉམས་མྱོང་གལ་ཆེན་ཞིག་རེད། 2012ལོ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་འཇུག་སྒོ་དང་སྐུལ་སློང་བཀའ་རྒྱར་བརྩིས་ནས་ལོ་10ལྷག་ཙམ་རིང་རྒྱུན་འཁྱོངས་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་དུས་རབས་གསར་པའི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི“གསེར་མདོག་མིང་བྱང”ཡིན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ཤེས་རྟོགས་བྱེད་པའི་ལྡེ་མིག་ཅིག་ཏུའང་གྱུར་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་སྤྱིའི་མི་སྣས་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་དོན་འཁྱོལ་གཏིང་ཟབ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་ཁས་ལེན་བརྟན་པོ་བྱས་པ་མཚོན་ཡོད་ལ། དེའི་བཅོས་སྐྱོང་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་ཕུལ་བྱུང་དོན་གཉེར་བྱེད་པའི་ཆོད་སེམས་མངོན་པས། འབྲེལ་ཡོད་ཀྱི་་ཉམས་མྱོང་བཟང་པོར་རྒྱལ་ཁབ་ཁག་གི་སྲིད་ཏང་གིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་ཅེས་བརྗོད་པ་རེད།
“ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་ཡོང་བར་བྱ་རྒྱུ་དེ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད”
ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་བཙན་ཞིང་ནན་པའི་སྒྲིག་ལམ་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ“སྤྱོད་ཚུལ་བཞིའི”གནད་དོན་ངན་པར་ལྷོད་གཡེང་སྤུ་ཙམ་མི་གཏོང་བའི་སྒོ་ནས་བཅོས་སྒྲིག་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོ་གུང་ཁྲན་ཏང་གི་གྲི་དངོ་རང་གཏད་ཀྱི་བློ་སྟོབས་དང་། རུས་གཞོག་ནད་བཅོས་ཀྱི་ཆོད་སེམས། བྱས་རྗེས་དྲུད་ཤུལ་ཐོན་པའི་སྙིང་རུས་བཅས་མངོན་ཡོད།
“ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དམིགས་བསལ་གྱི་ཆ་ནི་ཏང་དང་རྒྱལ་ཁབ་ལ་རང་གིས་རང་ལ་ལྟ་སྐུལ་བྱེད་པའི་ལམ་སྲོལ་བཙུགས་པ་དེ་རེད”མོང་གོལ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”ཐུན་མོང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲའོ་ལུན་ཨའེ་ཏེང་གིས་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱིས་འཇུག་སྒོ་ཆུང་ངུ་ནས་འགོ་བརྩམས་ཏེ་དམངས་ཚོགས་ཀྱི་དོ་ཁུར་བྱ་གཞིར་དམིགས་ནས་ཡུན་རིང་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཡོད་ཅེས་བརྗོད་པ་རེད།
“ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་རྗེས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་ཡོང་བར་བྱ་རྒྱུ་དེ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད”ཅེས་ཁམ་ཕུ་ཁྲེའི་ཁམ་ཀྲུང་འབྲེལ་བ་འཕེལ་རྒྱས་རིག་གཞུང་སློབ་ཚོགས་ཀྱི་ཚོགས་གཙོ་ཤེ་མོ་ཉི་ལེ་ཡིས་བརྗོད་པ་དང་། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་ལ་སྐུལ་འདེད་བཏང་ཞིང་། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅོས་སྐྱོང་མ་ལག་གི་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད་ཅེས་བརྗོད་པ་རེད།
“མི་དམངས་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད”
ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་ནས་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། ལམ་ལུགས་ཀྱི་ལེགས་ཆ་བཅས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་ལེགས་ཆ་དང་བཅོས་སྐྱོང་གི་ལེགས་ཆར་བསྒྱུར་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད།
ཨེ་ཅིབ་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》གྱི་ཆེད་བསྒྲིགས་ལེ་ཚན་གྱི་རྩོམ་པ་པོ་ཨེ་ཧ་མའེ་ཏེ·ཐ་ལ་པི་ཁེས་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་པ་དེས་ཀྲུང་གུང་ཏང་ཡོན་གྱི་སྤྱོད་ཚུལ་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་། “ཀྲུང་གུང་ཏང་ཡོན་གྱིས་སྒྲིག་ཁྲིམས་དེ་བས་བསྲུངས་བ་དང་ལས་ཀའི་སྤྱོད་ཚུལ་དེ་བས་དངོས་སྒྲུབ་དང་ལས་ཆོད་ཆེ་རུ་སོང་ཡོད། ཀྲུང་གོའི་རིམ་ཁག་སྲིད་གཞུང་གི་སྲིད་འཛིན་ལས་ཆོད་ཆེ་རུ་ཆེས་ཆེར་ཕྱིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་དམ་ཟབ་བྱུང་བ། མི་དམངས་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པའི”ངོས་འཛིན་བྱས་ཡོད།
“གོ་ལ་ཧྲིལ་པོའི་སྲིད་ཏང་འཛུགས་སྐྱོང་དང་སྤྱི་པའི་བཅོས་སྐྱོང་ལ་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད”
ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ནང་བཅོས་སྐྱོང་ཁྲོད་ཀྱི་བློ་གྲོས་གཏིང་ཟབ་འདུས་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་རང་ངོས་གསར་བརྗེའི་སྙིང་སྟོབས་བརྟན་པོར་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ཐོག་འཛམ་གླིང་གི་སྲིད་ཏང་འཕེལ་རྒྱས་ལ་དཔྱད་གཞིར་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།
“ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་ནི་རང་ངོས་གསར་བརྗེ་བྱེད་ཕོད་པ་དང་མི་དམངས་ལ་འགན་འཁུར་བའི་སྲིད་ཏང་ཞིག་ཡིན་པ་མཚོན་ཡོད། ཀྲུང་གོའི་ལག་ལེན་གྱིས་རྒྱལ་ཁབ་གཞན་གྱི་སྲིད་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད”ཅེས་ཐ་ལ་པི་ཁེས་བརྗོད་པ་དང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྒྱུར་བཅོས་ནི་གནད་དོན་གཞི་རྩ་ནས་ཐག་གཅོད་བྱེད་པ་དང་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་སྒྲིག་ཁྲིམས་སློབ་གསོ་དང་ལམ་ལུགས་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པ་ཞིག་རེད་ཅེས་བརྗོད་པ་རེད།
“ཀྲུང་གོ་གུང་ཁྲན་ཏང་གིས་མཚོན་པ་ལྟར་ཏང་དང་མི་དམངས་དབར་གྱི་ཕན་ཚུན་ཡིད་ཆེས་དེ་ཁ་དན་ཚིག་གནས་དང་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུས་པ་ལས་བྱུང་ཡོད”ཅེས་ཤེ་མོ་ཉི་ལེས་བརྗོད་པ་དང་། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཀྲུང་གོའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ལམ་ལུགས་ཀྱི་གཏན་འབེབས་དང་ཀུན་སྤྱོད་ཀྱི་བླང་བྱ་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་གསར་གཏོད་ལག་ལེན་གྱིས་རྒྱལ་ཁབ་གཞན་དག་གི་སྲིད་ཏང་ལ་བློ་སྒོ་ཕྱེ་བ་སྟེ། ཏང་སྲོལ་ལེགས་སུ་གཏོང་རྒྱུ་ནི་ནང་ཁུལ་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་དམངས་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱ་ཆེད་རེད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།