2025ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེ་གྲས་བཅུ།

ཀྲུང་གོའི་གཙོ་བདག་ཕྱི་འབྲེལ་གྱིས་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་བ།
ལོ་གཅིག་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་དང་། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན། གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་སོགས་ཀྱི་བྱེད་སྒོར་ཞུགས་པ་དང་། རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་དེ་བཞིན་རྒྱལ་སྤྱིའི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་ཐུག་འཕྲད་དང་འབྲེལ་གཏུག་གཏིང་ཟབ་གནང་བ། མཇལ་འཛོམས་དང་འཕྲིན་ཡིག་སྤྲིངས་པ་སོགས་བརྒྱུད་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕྱོགས་ནས་མཛའ་གྲོགས་ཀྱི་ལས་དོན་སྤེལ་བ་བཅས་གནང་ཡོད། འདི་ནི་2025ལོའི་ཟླ་9ཚེས་1ཉིན་གྱི་སྔ་དྲོ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་ལྔ་པ་ཐེན་ཅིན་མེ་ཅང་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ《ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

འཛམ་གླིང་དབུས་ཤར་ས་ཁུལ་གྱི་དམག་འཁྲུག་གི་གྱོང་གུན་ཚབས་ཆེན་འོག་ཞི་བདེའི་མདུན་ལམ་ལ་སེམས་ཁྲལ་བྱེད་པ།
2025ལོའི་ཟླ་10ཚེས་9ཉིན། དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)དབར་ཅ་ཧྲའི་དམག་མཚམས་འཇོག་རྒྱུའི་དུས་མཚམས་དང་པོའི་གྲོས་མཐུན་བཞག་ཡོད་མོད། འོན་ཀྱང་གཏུམ་སྤྱོད་གདོང་གཏུག་ཡང་ཡང་ཐོན་བཞིན་ཡོད། འདི་ནི་2025ལོའི་ཟླ་1ཚེས་29ཉིན། ཅ་ཧྲ་ཁུལ་གྱི་ཅི་པ་ལི་ཡེའི་ཉམ་ཐག་མི་སེར་གྱི་སྒར་སར་ཕ་ལེ་སི་ཐན་ལོ་ཆུང་ཞིག་གིས་ཞིག་རོར་ལྟ་བཞིན་པ།

མི་ཐབས་རིག་ནུས་གློ་བུར་དུ་འབར་བ་ལྟ་བུའི་འཕེལ་རྒྱས་ཕྱིན་པས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ།
ལོ་གཅིག་རིང་མི་ཐབས་རིག་ནུས་ལག་རྩལ་མགྱོགས་མྱུར་ངང་རིམ་འཇུག་འཕོ་འགྱུར་བྱུང་བ་དང་། DeepSeekདང་GPTསོགས་དཔེ་དབྱིབས་ཆེ་གྲས་ཉིན་རེ་བཞིན་འགྱུར་ལྡོག་ཕྱིན་པ་དང་། དངོས་ཚན་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་ཀྱི་ཁྱད་ཆོས་སྔར་བས་མངོན་གསལ་དོད་དུ་ཕྱིན་ནས་ལས་རིགས་དུ་མར་མཐུན་རྐྱེན་སྦྱོར་བ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་བྱུང་ཡོད། འདི་ནི་2025ལོའི་ཟླ་9ཚེས་25ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“མི་ཐབས་རིག་ནུས་བཅོས་སྐྱོང་གི་གོ་ལ་ཧྲིལ་པོའི་གླེང་མོལ”ལམ་སྲོལ་ལག་བསྟར་བྱེད་འགོ་འཛུགས་པའི་རིམ་པ་མཐོ་བའི་ཚོགས་འདུ་འཚོགས་པ།

རྒྱལ་ཁབ་མང་པོའི་ཆབ་སྲིད་གནས་བབ་ཀྱི་ཡོ་ལང་ལས་འཛམ་གླིང་གི་དུས་བབ་ལ་འགྱུར་ལྡོག་དང་ཟང་ཟིང་མངོན་པ།
ལོ་གཅིག་རིང་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ཆབ་སྲིད་ཀྱི་གནས་བབ་ལ་ཡོ་ལང་ཆེན་པོ་བྱུང་ཞིང་། ཧན་གོའི་ཙུང་ཐུང་དབྱིན་ཞི་ཡུའེ་གནས་དབྱུང་བཏང་བ་དང་། ཐེ་ལན་གྱི་ཙུང་ལི་ཕེ་ཐུང་ཐན་ཁ་པར་གྱི་སྒྲ་ཕབ་དོན་རྐྱེན་གྱི་རྐྱེན་པས་ལས་གནས་ལས་ཕུད་པ། མ་ཏ་ཀ་སི་ཁར་དང་ཀི་ནེ་ཡ་པི་སོ་སོགས་རྒྱལ་ཁབ་ཏུ་སྲིད་འགྱུར་བྱུང་བ་བཅས་རེད། སྲིད་སྟེགས་ཡོ་ལང་བྱུང་བའི་ཁར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀའ་ངལ་འཕྲད་ནས་འཛམ་གླིང་གི་དུས་བབ་ལ་འགྱུར་ལྡོག་དང་ཟང་ཟིང་མངོན་གསལ་དོད་དུ་ཕྱིན་ཡོད། འདི་ནི་2025ལོའི་ཟླ་9ཚེས་18ཉིན། ཉིའུ་གཡོད་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་མི་ཚོས“གཅུས་སྒྲིམ་བརྒྱབ་པའི་མེ་མདའི”འཇིམ་བརྐོས་མདུན་ནས་འགྲོ་བཞིན་པ།

“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོས་འཛམ་གླིང་ལ་དྲང་ནུས་བསྣན་པ།
2025ལོའི་ཟླ་10པའི་ཟླ་སྨད་དུ། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། འབྱུང་འགྱུར་ལོ་ལྔའི་ཀྲུང་གོའི་འཕེལ་རྒྱས་ཐད་བརྗིད་ཆེའི་འཆར་གཞི་བཏིང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། འདི་ནི་2025ལོའི་ཟླ་11ཚེས་17ཉིན། ཀྲུང་ཡོའི་དུས་གཏན་མེ་འཁོར(ཤིས་ཨན)ཞིག་ཤིས་ཨན་རྒྱལ་སྤྱིའི་འབབ་ཚུགས་ནས་ཐོན་ཏེ་ཨ་ཟེར་བྷེ་ཇན་གྱི་རྒྱལ་ས་བྷ་ཁུར་སྐྱོད་བཞིན་པ།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུས་པ།
2025ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་ལོ་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་དྲན་གསོའི་བྱེད་སྒོ་སྤེལ་བ་རེད། འདི་ནི་2025ལོའི་ཟླ་5ཚེས་9ཉིན། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་གུས་ལུགས་རུ་ཆེན་གྱི་རུ་སྟར་གྲུ་བཞིས་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་དམག་གཟིགས་མཛད་སྒོར་ཞུགས་པ།

ཨ་རིའི་སྒོ་ཁྲལ་དམག་འཁྲུག་གིས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་རྡབ་རྡེག་ཚབས་ཆེན་བཟོས་པ།
2025ལོའི་ཟླ་4ཚེས་2ཉིན། ཨ་རིས་ཚོང་དོན་རོགས་ཟླ་མང་ཆེ་བར“འདྲ་མཚུངས་སྒོ་ཁྲལ”ཟེར་བ་བསྡུ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ལོ་གཅིག་རིང་། ཨ་རིས་ཚོང་དོན་རོགས་ཟླར་སྔ་རྗེས་སུ་ངར་ལྕགས་དང་ཧ་ཡང་དང་། རླངས་འཁོར། གློག་བརྙན། ཕྱེད་འདྲེན་གཟུགས་སོགས་ཐོན་རྫས་ཀྱི་སྒོ་ཁྲལ་ཁ་སྣོན་བསྡུ་རྒྱུ་ཁྱབ་བསྒྲགས་བྱེད་པའམ་ཡང་ན་འཇིགས་སྐུལ་བྱས་པ་དང་། དོན་དངོས་སྒོ་ཁྲལ་ཁྲལ་ཚད་དུས་རབས་གཅིག་ཙམ་རིང་གི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད་པ་རེད། འདི་ནི་2025ལོའི་ཟླ་4ཚེས་9ཉིན། ཁ་ན་ཏའི་ཨན་ཏ་ལུའེ་ཞིང་ཆེན་ཉི་ཡ་ཅ་ལ་རྦབ་ཆུ་གྲོང་ཁྱེར་ཁ་ན་ཏ་དང་ཨ་རིའི་མཐའ་མཚམས་རྒྱུད་དུ་བྱུར་བུར་བླུགས་པའི་རླངས་འཁོར་སྐྱེལ་འདྲེན་རླངས་འཁོར་ཞིག་ལིའུ་དབྱི་སི་ཏུན་—ཁུན་སི་ཏུན་ཟམ་པ་ནས་ཁ་ན་ཏར་སྐྱོད་བཞིན་པ།

རི་པིན་གྱིས་སྤྱི་ལུགས་དང་དྲང་བདེན་ལ་འགྲན་སློང་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོགས་ཟོན་ཆེན་པོ་བྱས་པ།
2025ལོའི་ཟླ་11ཚེས་7ཉིན། རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡིས“ཐའེ་དབན་ལ་གནས་ཚུལ་ཐོན་ན”རི་པིན་གྱིས་ཐུན་མོང་གི་རང་སྲུང་དབང་ཆ་སྤྱོད་ཆོག་པའི“ཆགས་འཇིག་ཉམས་ཉེན་གྱི་གནས་སྟངས”ཆགས་སྲིད་ཅེས་མངོན་སུམ་འཛེམ་མེད་དུ་འུད་སྒྲོག་བྱས་པ་རེད། མཁྱེན་དཔྱོད་ལྡན་པའི་མིས་དོགས་འདྲི་དང་སྐྱོན་བརྗོད་བྱས་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོགས་ཟོན་ཆེན་པོ་བྱས་ཡོད། འདི་ནི་2025ལོའི་ཟླ་11ཚེས་21ཉིན། རི་པིན་ཐོ་ཁེའོ་ཡི་དབུ་བཞུགས་བློན་ཆེན་གྱི་ལས་ཤག་ཕྱི་རོལ་དུ། དམངས་ཚོགས་ཀྱིས་ལག་ཏུ་སྦྱར་ཡིག་འཁྱེར་ནས་རྒོལ་གཏམ་གཏོང་བའི་བྱེད་སྒོར་ཞུགས་ཏེ་རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ལ་ནོར་འཁྲུལ་གྱི་གཏམ་བརྗོད་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་པ།

གོ་ལ་ཧྲིལ་པོའི་དངུལ་རྩའི་ཁྲོམ་རར་ཡོ་ལང་བྱུང་ནས་དཔལ་འབྱོར་གྱི་ཉེན་ཁ་ཚབས་ཆེར་ཕྱིན་པ།
2025ལོའི་ཟླ་10པར། རྒྱལ་སྤྱིའི་གསེར་གོང་དེ་ཨང་སི་རེར་ཨ་སྒོར་4000ལས་ཐོག་མར་བརྒལ་ཡོད། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི“མཚམས་འཇོག་བྱེད་པའི”ཟིང་ཆ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པས། རྒྱལ་སྤྱིའི་གསེར་གོང་མུ་མཐུད་འཕར་ཡོད། རྒྱལ་ཁབ་ཁག་གི་ཀྲུང་དབྱང་དངུལ་ཁང་གིས་གསེར་ཉར་ཚད་རྒྱུན་ཆད་མེད་པར་མང་དུ་བཏང་བ་དང་གཞུང་ཕྱོགས་ཀྱི་གསེར་གསོག་འཇོག་གཞི་ཁྱོན་ལོ་10ཙམ་གྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད་པ་རེད། འདི་ནི་2025ལོའི་ཟླ་12ཚེས་12ཉིན། ཉོ་ཚོང་བྱེད་མཁན་ཞིག་གིས་ཨ་རིའི་ཉིའུ་གཡོད་འཛིན་ལོར་ཉོ་ཚོང་ཁང་གི་ཉོ་ཚོང་ཚོམས་ཆེན་དུ་ལས་ཀ་བྱེད་བཞིན་ཡོད་པ་དང་། དེ་ཉིན་ཉིའུ་གཡོད་རྐང་འཛིན་ཁྲོམ་རའི་རྐང་འཛིན་སྟོན་གྲངས་ཆག་པ།

རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་ཨ་ཧྥེ་རི་ཁར་ཐེངས་དང་པོ་འཚོགས་པ།
2025ལོའི་ཟླ་11ཚེས་22ཉིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་གཡོད་ཧན་ནེ་སི་པའོ་དབུ་ཚོགས་འགོ་ཚུགས་པ་དེ་ནི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་གླིང་ཆེན་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོར་ཐེངས་དང་པོ་འཚོགས་པ་ཞིག་རེད། ཨ་རིས་དབུ་ཚོགས་ཐོག་སྤེལ་བའི་གྲུབ་འབྲས་ཡིག་ཆར་བཀག་འགོག་དང་ངོ་རྒོལ་བྱས་ཀྱང་ཚོགས་ཞུགས་ཕྱོགས་ཁག་གིས་ཉིན་དང་པོར་མཉམ་འབྲེལ་བསྒྲགས་གཏམ་ལ་གྲོས་འཆམ་བྱས་ནས་ཕྱོགས་མང་མཉམ་ལས་བརྒྱུད་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པའི་ནན་བཤད་བྱས་པ་རེད། འདི་ནི་2025ལོའི་ཟླ་11ཚེས་22ཉིན། ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་པར་བརྒྱབ་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་ཉི་ཤུ་པའི་མཚོན་རྟགས་ཡིན་པ།
འབྲེལ་ཡོད་གསར་འགྱུར།