གཞིས་རྩེ་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན་བཀྲ་ཤིས་ཚེ་རིང་གིས་གསུངས་དོན།
འདི་གར་གསོན་ཤུགས་དང་མཛེས་སྡུག་དེ་བས་ལྡན་པ་བྱེད་ཀྱི་ཡིན།
ཆ་སྙོམས་ས་བབ་སྨི་4300ཡན་ཟིན་པའི་ས་མཐོར་ཤིང་བཙུགས་ན་གང་འདྲ་ཡོང་ངམ་ཞེ་ན།
གཞིས་རྩེ་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན་རྒྱལ་རྩེ་རྫོང་གླིང་བུ་དགོན་པའི་ལྷ་བཙུན་སྤྲུལ་སྐུ་བཀྲ་ཤིས་ཚེ་རིང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ལན་བཏབ་ཡོད།
དཔའ་བོའི་གྲོང་ཁྱེར་རྒྱལ་རྩེ་ནས་ཐོན་ཏེ་རྒྱལ་ལམ་349བརྒྱུད་ཤར་ཕྱོགས་སུ་བསྐྱོད་པས་འཕྲེང་རིང་ཤང་འཕྲེང་རིང་གྲོང་ཚོར་འབྱོར་བ་དང་། ཡང་དེ་ནས་བྱང་ཤར་ངོས་ཀྱི་གྲོང་ཚོའི་བགྲོད་ལམ་བརྒྱུད་མུ་མཐུད་སྤྱི་ལེ་3.5ཙམ་བསྐྱོད་མཐར་གླིང་བུ་དགོན་པར་སླེབས་ཤིང་། ལམ་བར་ཏུ་ཚང་ཚིང་གཡུ་ལོ་འཁྲིགས་ནས་ལྗང་ཐིང་ངེར་ཡོད་པ་རེད།
ལོ་རྒྱུས་ཐོག་གླིང་བུ་དགོན་པའི་དགེ་འདུན་པས་ཐོག་མཐའ་བར་གསུམ་དུ་འདུལ་ཁྲིམས་དང་བསྟན་དོན་ནན་པོར་སྲུང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་ལྟ་བ་དང་ལག་ལེན་ནི་ཆོས་ཀྱི་ལག་ལེན་གལ་ཆེན་ཞིག་ཡིན་པ་རེད།
“གླིང་བུ་དགོན་པའི་དགེ་འདུན་པས་ཡང་སྙིང་གང་འདྲ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་བྱས་པ་རེད”ཅེས་གསར་འགོད་པས་འདྲི་སྐབས།
བཀྲ་ཤིས་ཚེ་རིང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གསུངས་དོན། “བྱ་སྤྱོད་ནི་ཨང་དང་པོ་རེད”“00ནང་སྐྱེས”ཀྱི་སྤྲུལ་སྐུ་ཞིག་ཡིན་པའི་ངོས་ནས། 2006ལོར་དགོན་པར་ཞུགས་ནས་ལོ་བཅོ་ལྔ་སོང་རིང་། དུས་ཚོད་མང་ཆེ་བར་དགོན་པ་གཞན་དག་ཏུ་ཟབ་སྦྱོང་བྱེད་ཀྱི་ཡོད། “དགོན་པར་ལོག་རིམ་བཞིན་ལམ་གྱི་གཞོགས་གཉིས་སྐྱ་ཐེར་ཐེར་དུ་ཡིན་པ་མཐོང་སྐབས་ངེས་པར་དུ་ཤིང་འཛུགས་དགོས་ཨང”བསམས་ནས་ལོ་མང་པོར་སེམས་ནུས་ཡོད་རྒུས་དགོན་པའི་མཐའ་འཁོར་དུ་ཤིང་འཛུགས་པའི་ལས་ལ་གཞོལ་བ་རེད།
“2019ལོར། ང་ཚོས་ལམ་རྒྱུད་དུ་ཤིང་འཛུགས་འགོ་བཙུགས་པ་ཡིན”ཞེས་བཀྲ་ཤིས་ཚེ་རིང་གིས་དང་ཐོག་ཤིང་འཛུགས་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱས་ཤིང་། ཁོང་གིས“དགེ་འདུན་པ་ཚོས་ས་སྔོག་པ་དང་། ཤིང་འཛུགས་པ། ཆུ་རྒྱག་པ། ལུད་རྒྱག་པ་སོགས་ལས་ཀ་ཧུར་ཐག་བྱས་ནས་ཧ་ཅང་སེམས་རྩ་འཁོལ་པོ་འདུག”ཅེས་གསུངས།
མིག་སྔར་གླིང་བུ་དགོན་པའི་དགེ་འདུན་པས་བཙུགས་པའི་ལྗོན་ཤིང་ཁག་དང་པོ་སྐྱེ་འཚར་ཡག་པོ་བྱུང་ཡོད། བཀྲ་ཤིས་ཚེ་རིང་གིས“སྐྱེ་འཚར་ཡག་པོ་འདུག་ལ་སྙིང་ཡང་རྗེ་པོ་འདུག”ཅེས་འཛུམ་དམུལ་དམུལ་ངང་གསུངས། དེ་ནས་བཟུང་དགོན་པའི་དགེ་འདུན་པ་ཚོས་སྡོང་ཕྲུག་རེ་རེ་ལས་སྐྱེ་ཁམས་སྲུང་སྐྱོང་གི་དོན་སྙིང་དངོས་སུ་རྟོགས་ཡོད།
མིག་སྔར་གླིང་བུ་དགོན་པས་བཙུགས་པའི་སྔོ་ཁེབས་རྒྱ་ཁྱོན་མུའུ་1965ཟིན་པ་དང་སྐྱེ་འཚར་བྱུང་ཚད་90%ཡན་ཟིན་ཡོད། 2023ལོར་བཀྲ་ཤིས་ཚེ་རིང་ལ་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི“སྔོན་ཐོན་མི་སྒེར”གྱི་མཚན་སྙན་སྤྲད་པ་དང་། ལོ་དེར་གླིང་བུ་དགོན་པ་གྲོང་ཁྱེར་རིམ་པའི“སྙིགས་མེད་དགོན་པར”དཔྱད་འདེམས་བྱས་ཡོད། བཀྲ་ཤིས་ཚེ་རིང་གིས། “ང་ཚོ་གླིང་བུ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ལག་བསྟར་རྒྱུན་སྲིང་བྱས་ནས་གླིང་བུ་དགོན་པར་གསོན་ཤུགས་དང་མཛེས་སྡུག་དེ་བས་ལྡན་པ་བྱེད་ཀྱི་ཡིན”ཞེས་གསུངས།
འབྲེལ་ཡོད་གསར་འགྱུར།