གཙང་གསུམ་ཆུ་འགོའི་བདག་སྐྱོང་བ།

འདི་ནི་རྫ་ཧྲས་གད་སྙིགས་དབོར་བཞིན་པ།
སྦྲ་ཆེན་རྫོང་གངས་ཆེན་ཤང་གི་ས་མཚམས་སུ་སླེབས་སྐབས་དེའི་རྒྱུད་དུ་རྩྭ་ཆུ་བཟང་ཞིང་། དེ་གར་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་སྲུང་སྐྱོང་ཁུལ་དང་། འབྲི་ཆུའི་ཆུ་འགོ་ཁུལ། རྫ་ཆུའི་ཆུ་ལག་ཆེ་ཤོས་ངོམ་ཆུ་སོགས་འབབ་རྒྱུད་གཙོ་བོའི་ཆུ་འགོ་ཁུལ་བཅས་རེད།
སྐོར་སྲུང་རླངས་འཁོར་ནང་བསྡད་མ་ཐག་རྫ་ཧྲ་ཡིས་ང་ལ་འགྱིག་ཤོག་སྔོན་པོ་ཞིག་སྤྲད་ནས“གད་སྙིགས་གང་བྱུང་དུ་དབྱུགས་མི་ཆོག་པས་འགྱིག་ཤོག་དེའི་ནང་བླུགས་རོགས”ཞེས་བཤད་བྱུང་། ཁོང་ནི་གངས་ཆེན་ཤང་ཁ་སྐྱིད་གསུམ་མདོ་གྲོང་ཚོའི་སྐྱེ་ཁམས་བདག་སྐྱོང་བ་རེད།
“ཨ་ཕས‘ས་གཙང་ན་སེམས་པ་སྐྱིད’ཅེས་ང་ལ་བཤད་མྱོང་ཡོད”ཧ་ཉིད་གོ་བ་ནས་བཟུང་མིག་ལམ་དུ་མཐོང་མང་ཤོས་ནི་ཨ་ཕས་སྒུར་སྒུར་བྱས་ཏེ་རྩྭ་ཐང་དུ་གད་སྙིགས་སྒྲུག་པའི་གཟུགས་བརྙན་དེ་རེད། 2013ལོར་རྫོང་ནས་ཁོར་ཡུག་སྲུང་སྐྱོང་བ་གཉིས་བསྡུས་པ་དང་ཁོང་གིས་ཨང་དང་པོར་མིང་ཐོ་བཀོད། སྐབས་དེ་དུས་རྫ་ཧྲའི་བསམ་པར་རང་ཉིད་ལ་ཐོབ་ཐང་འདི་ཡོད་པས་རུ་ཁག་ཅིག་གི་སྣེ་ཁྲིད་ཐུབ་སྙམ་ནས་དགའ་ཚོར་ཆེན་པོ་སྐྱེས།
ཡིན་ནའང་བསམ་ཡུལ་ལས་འདས་པར་གྲོང་ཚོའི་ཡུལ་མི་ཚོས་གད་སྙིགས་སྒྲུག་རྒྱུ་དེ་ངོ་ཚ་དགོས་པའི་ལས་ཀར་བརྩི་བ་དང་ཐ་ན་ཁོང་ལ“གད་སྙིགས་རྫ་ཧྲ”ཞེས་མིང་འདོགས་ཀྱང་བཏགས།
“དང་ཐོག་མར་མིང་འདོགས་བཏགས་པ་ཐོས་སྐབས་སེམས་ནང་སུན་སྣང་དང་མ་སྐྱིད་པ་ཡོང་གི་འདུག གད་སྙིགས་མ་སྒྲུག་ན་ཆུ་ནང་གི་ཉ་མོ་དང་། རྩྭ་ཐང་གི་ནོར་ལུག ང་ཚོའི་འཐུང་ཆུ་བཅས་ཚང་མར་གནོད་ངེས་རེད། ནམ་ཞིག་ཚང་མས་གད་སྙིགས་ཀྱི་གནོད་སྐྱོན་ཤེས་ནས་ལྟ་སྟངས་འགྱུར་སྲིད” ཁོང་གིས་ཉིན་ལྟར་རྩྭ་རས་ཤིག་འཁུར་ཏེ་རྩྭ་ཐང་དང་ཆུ་ལམ་དུ་གད་སྙིགས་སྒྲུག་པར་འགྲོ་གི་ཡོད།
ལོ་ཞིག་གི་དབྱར་ཁར་གྲོང་ཚོའི་ནང་ནོར་ཞིག་གློ་བུར་དུ་ཤི་བ་རེད། མི་རྣམས་ཀྱིས་ནོར་འདིས་དུས་རྒྱུན་ནས་གད་སྙིགས་མང་པོ་ཟ་གི་འདུག་ཅེས་བཤད། རྫ་ཧྲ་ཡིས་ནོར་དེའི་ཁོག་པ་གཤགས་ནས་ལྟ་སྐབས་ཁོག་པའི་ནང་འགྱིག་ཤོག་དང་། དུག་ཚལ། སྟབས་བདེའི་ཐུག་པའི་འགྱིག་ཕོར་ལ་སོགས་པའི་གད་སྙིགས་ཡོད་པ་རེད། རྫ་ཧྲ་ཡིས་དེར་ཡོད་པའི་ཡུལ་མི་ཚོར་ལྟ་བཞིན་དུ“ང་ཚོ་འཚོ་སྡོད་བྱེད་སའི་རྩྭ་ས་འདིར་བདག་སྐྱོང་ཡག་པོ་མ་བྱས་ན་ད་དུང་ནོར་ལུག་མང་པོ་དེ་ལྟར་ཤི་ངེས་རེད”ཅེས་བཤད།
དུས་དེ་ནས་བཟུང་རྩྭ་ཐང་སྟེང་རྩྭ་རས་འཁུར་ཏེ་གད་སྙིགས་སྒྲུག་པའི་གཟུགས་བརྙན་དེ་མི་གཅིག་ནས་རིམ་བཞིན་མི་ཚོགས་སུ་གྱུར། 2019ལོར་གངས་ཆེན་ཤང་གི་གྲོང་ཚོ་16ཚང་མར་ཁོར་ཡུག་སྲུང་སྐྱོང་བ་6རེ་ཡོད་པ་དང་། 2021ལོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ཤིང་། བྱང་ཐང་རྒྱུད་དུ“དུད་ཚང་གཅིག་ལ་ལས་གནས་གཅིག”གི་སྲིད་ཇུས་ལག་ལེན་བསྟར་ཚུན་ཁྱིམ་ཚང་ཚང་མ་སྐྱེ་ཁམས་བདག་སྐྱོང་གི་ཁོངས་མིར་གྱུར་བ་རེད།
རྫ་ཧྲར་ད་དུང་ཐོབ་ཐང་གཞན་ཞིག་ཡོད་པ་ནི་མཛེས་སྡུག་སྤྱི་ཆིངས་ཀྱི་དང་བླངས་པ་རེད། 2019ལོར་མཚོ་བོད་ས་མཐོར་སྲུང་སྐྱོང་བྱེད་པའི་སྤྱི་ཕན་རུ་ཁག་དེའི་ནང་ཞུགས་ཚུན། ཁོང་གི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་ལམ་བུ་དེ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན་ཡོད། ཆུ་ཤུར་རྫོང་གིས་སྤེལ་བའི“ཡ་རབས་ངང་སྔོ་གསོལ་སྤྲོ་གསེང་ལ་སྐྱོད”དང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྤེལ་བའི“ཧི་མ་ལ་ཡ་སྲུང་མཁན་གྱི་ཚོགས་ཆེན”སོགས་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་གང་ཞིག་ཡིན་རུང་ཁོང་མ་བསྐུལ་དང་བླངས་ཀྱིས་ཞུགས་ཀྱི་ཡོད་པས། ཁོང་ལ“བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དང་བླངས་པའི”མཚན་སྙན་ཡང་ཐོབ་ཡོད།
2025ལོའི་ཟླ་དང་པོར་བོད་ཀྱི་ཕུལ་བྱུང་དང་བླངས་པ་ཡིན་པའི་རྫ་ཧྲ་གདན་ཞུས་ལྟར་པེ་ཅིང་དུ་བསྐྱོད་ནས“མཛེས་སྡུག་སྤྱི་ཆིངས། ཀྲུང་གོའི་དང་བླངས་པའི་ལོ་ཚོགས”ལ་ཞུགས་ཤིང་། ས་གནས་ཁག་གི་དང་བླངས་པའམ་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་དང་སྤེལ་རེས་བྱས་པ་ལས་ཁོང་གིས་རི་ཀླུང་བརྒལ་བའི་ཐུན་མོང་གི་ངོས་འཛིན་ཚོར་བ་མ་ཟད། དེ་བས་སྲ་ཞིང་བརྟན་པའི་བསམ་པའི་སྟོབས་ཤུགས་ཀྱང་བསྡུ་ལེན་ཐུབ་ཡོད།
རྫ་ཧྲ་དང་མཉམ་དུ་སྐོར་སྲུང་ལམ་བུར་བསྐྱོད་རྗེས་ངས“དཀྱུས་མ”དང“ཕུལ་བྱུང”གི་དབྱེ་བ་གསལ་པོར་རྟོགས་སོང་། “ཕུལ་བྱུང”ཞེས་པ་ནི་བྱས་པ་ཙམ་གྱིས་ཐོབ་པ་ཞིག་མ་ཡིན་པར་དེ་ནི་དཀའ་བ་སྣ་ཚོགས་གདོང་གིས་བསུས་ཤིང་དཀའ་སྡུག་སྣ་ཚོགས་ཁྱད་དུ་བསད་ནས་ཐོབ་པ་ཞིག་རེད། དེ་ནི་རྫ་ཧྲས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་བཞིན་པའི་ཐོག་མའི་བསམ་འདུན་བཞིན་གད་སྙིགས་སྒྲུག་པའི་བྱ་བ་ཆུང་ངུ་དེ་རྩྭ་ཐང་ལ་ཕན་པའི་དོན་ཆེན་ཞིག་ཏུ་གྱུར་པ་ལྟ་བུ་རེད་ལ། དེ་ལས་གཙང་གསུམ་ཆུ་འགོ་ཁུལ་དང་རྩྭ་དང་རྩི་ཤིང་ཚུན་ཆད་སྐྱེ་སྟོབས་ཀྱིས་ཁེངས་པར་འགྱུར་ངེས་རེད།
2026ལོའི་ཟླ་1ཚེས་3ཉིན་གྱི་མཚན་མོ།
འབྲེལ་ཡོད་གསར་འགྱུར།