ཉམས་སད་ཐེག་པའི་སྤྱོད་ཚུལ་ལ་བརྟེན་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས།
ལོ་གསར་ཤར། རྣམ་པ་གསར། ཟླ་1ཚེས་5ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་དང་བོད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ལྗོངས་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཁར། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་ཡོད། དེ་ནི་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་བཅས་སྐུལ་སློང་བྱས་ཏེ། དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་རྣམ་པ་དང་། དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ། ཏན་ཏིག་ནུས་ལྡན་གྱི་ལས་ཀའི་བྱེད་ཐབས་བཅས་ལ་བརྟེན་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པའི་འགན་ལེན་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།
སྤྱོད་ཚུལ་འཛུགས་སྐྱོང་ནི་བྱེད་བཞིན་པ་ལས་ནམ་ཡང་ཚར་དུས་མེད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་སྤྱོད་ཚུལ་འཛུགས་སྐྱོང་དེ་ཉིད་སྔར་ན་མེད་པའི་གལ་འགངས་ཤིན་ཏུ་ཆེ་བའི་གནས་བབ་གལ་ཆེན་ཐོག་བཞག་སྟེ། བརྗོད་དོན་གཙོ་བོར་འགྱུར་བ་མི་གཏོང་བ་དང་། ཚད་གཞི་དམའ་རུ་མི་གཏོང་བ། སྒུལ་ཤུགས་ཆུང་དུ་མི་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་ལོ་ལྔ་བསྟུད་མར་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ཚོགས་འདུ་རྒྱུན་འཁྱོངས་འཚོགས་པ་དེ་ཐོག་ནས་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་དང་། གཟབ་ནན། ལག་ལེན་བཅས་མཐར་ཕྱིན་པ་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པ་མ་ཟད། ད་དུང་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ལྷོད་གཡེང་མི་གཏོང་བ་དང་། མཚམས་མི་འཇོག་པ། འགོ་བསྐྱར་དུ་འཛུགས་པ་བཅས་ཀྱི་བརྡ་རྟགས་དྲག་པོ་མུ་མཐུད་བཏང་ཡོད། ལོ་ལྔ་མཐའ་འཁྱོངས་བྱས་པའི་བྱེད་ཐབས་གལ་ཆེན་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་དང་བོད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་ཞིག་རེད་ལ། བོད་ཀྱི་དམིགས་བསལ་གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ཏེ་ཉམས་སད་ཐེག་པའི་སྤྱོད་ཚུལ་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པའི་ལྡོག་མེད་ཀྱི་བླང་བྱའང་རེད།
སྤྱོད་ཚུལ་གྱི་གནད་དོན་དེ་ཏང་གི་སྲིད་འཛིན་རྨང་གཞི་དང་། དམངས་སེམས་ཕྱོགས་ས། བྱ་གཞག་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་དུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀུན་སྤྱོད་འཛུགས་སྐྱོང་ནས་འགོ་བརྩམས་ཏེ། ལས་བྱེད་པའི་སྤྱོད་ཚུལ་གྱི་གནད་དོན་མངོན་གསལ་དོད་རིགས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་ཡུན་རིང་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད། ལོ་མང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། ལས་བྱེད་པའི་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཀྱི་དར་སྲོལ་རིམ་བཞིན་ལེགས་སུ་ཕྱིན་པ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་སེམས་པ་གཅིག་མཐུན་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་རྣམ་པ་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད། ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུས་པ་དང་སྔར་བས་རང་རྟོགས་ངང“སྲུང་སྐྱོང་གཉིས”བརྟན་པོ་ཐུབ་པར་བྱས་པ་དང་། སྒྲིག་ཁྲིམས་སྒྲིག་ལམ་གྱི་འདུ་ཤེས་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་པ། “སྤྱོད་ཚུལ་བཞིའི”ནད་ངན་སྨན་བཅོས་ནུས་ལྡན་བྱུང་བ། ཏང་ཡོན་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་དུ་ཕྱིན་ནས་རྒྱ་ཆེའི་ལས་བྱེད་པའི་ལས་གཏོད་སྙིང་སྟོབས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
སྤྱོད་ཚུལ་འཛུགས་སྐྱོང་ནི་འགག་སྒྲོལ་དམག་འཐབ་ཅིག་རེད་ལ་ཡུན་རིང་དམག་འཐབ་ཅིག་ཀྱང་རེད། ལོ་ལྔའི་རིང་རྒྱུན་མཐུད་སྐུལ་འདེད་བཏང་བའི་རིང་། ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཟབ་ཏུ་བཏང་ནས། “མཐའ་འཁྱོངས་དྲུག”གི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་སྟེ། བསམ་བློས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། གོང་དཔེ་འོག་སྟོན་བྱ་རྒྱུ་མཐའ་འཁྱོངས། མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས། རྩ་ལག་མཉམ་བཅོས་མཐའ་འཁྱོངས་བཅས་རེད། “མཐའ་འཁྱོངས་དྲུག”ནི་ལག་ལེན་ཁྲོད་ནས་གཙོ་སྦྱངས་བྱུང་བའི་བློ་གྲོས་ཀྱི་སྙིང་བཅུད་ཅིག་རེད་ལ། སྤྱོད་ཚུལ་འཛུགས་སྐྱོང་ཐད“སྐབས་འཕྲལ་གྱི་བཅོས་ཐབས”ནས“རྩ་བའི་བཅོས་ཐབས”ཕྱོགས་སུ་གཏིང་ཟབ་ཏུ་གཏོང་བ་དང་། “འགག་སྒྲོལ་དམག་འཐབ”ནས“ཡུན་རིང་དམག་འཐབ”ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་བའི་འགག་རྩ་ཞིག་ཀྱང་རེད། དེས་ན། ང་ཚོས་ངེས་པར་དུ“མཐའ་འཁྱོངས་དྲུག”སྤྱོད་ཚུལ་འཛུགས་སྐྱོང་གི་ལས་དོན་ཁག་ནང་ཁྱབ་པ་དང་ལས་འགན་ཁག་དོན་འཁྱོལ་ཡོང་བར་དམ་འཛིན་ནན་པོ་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ནས་མཚོན་པར་བྱེད་དགོས།
ལོ་ལྔ་བསྟུད་མར་འཚོགས་པའི་སྐུལ་སྤེལ་ཚོགས་འདུ་ནི་འདས་ཟིན་པའི་ཉམས་མྱོང་ལ་གཅིག་སྡུད་ཞིབ་བཤེར་བྱེད་པ་ཞིག་རེད་ལ། འབྱུང་འགྱུར་ལ་ཁ་ཕྱོགས་ནས་སླར་ཡང་སྐུལ་སློང་བྱེད་པ་ཞིག་ཀྱང་རེད། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་དཀའ་ཚེགས་ཆེ་ལ་རྙོག་འཛིང་ཆེན་པོ་ཡོད། དེས་ན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་ནན་པོ་བྱེད་པ། གཞི་སྒྱུར་རྩ་སྒྱུར་དང་གཞི་བརྟན་བསམ་འཕེལ་མཐའ་འཁྱོངས་བཅས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པ་དང་། དོ་དམ་བྱེད་ཕོད་པ་དང་དོ་དམ་ནན་པོ་བྱེད་པ། ཡུན་རིང་དོ་དམ་དང་ཡུན་རིང་གཟབ་ནན་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་བཅོས་སྒྲིག་གཏིང་ཟབ་མཐའ་འཁྱོངས་ཀྱིས་ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། མི་དམངས་གོང་དུ་བཀུར་བ་དང་དངོས་སྒྲུབ་གཙོ་འཛིན་མཐའ་འཁྱོངས་ཀྱིས་ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་དགོས། འགོ་ཁྲིད་ཀྱིས་སྣེ་ཁྲིད་རྒྱུ་དང་གོང་དཔེ་འོག་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས“འགག་རྩའི་ཉུང་ཤས”ཀྱི་དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་དགོས། རྩ་ལག་མཉམ་བཅོས་དང་རྒྱུན་རྣམ་ཕུགས་ཕན་ཡོང་བ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་རིང་ཅན་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།