དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨིར་ལན་གྱི་ཙུང་ལི་མཱ་ཏིང་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཨིར་ལན་གྱི་ཙུང་ལི་མཱ་ཏིང་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཨིར་ལན་རྒྱལ་ཁབ་གཉིས་པོ་ནི་ཞི་བདེ་དང་། སྒོ་དབྱེ་བསྟུན་མཁས། རང་ཚུགས་ཡར་བརྩོན་བཅས་ལ་དགའ་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་འཐབ་རྩོད་བྱས་པ་བརྒྱུད་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་ཐོབ་པ་དང་མི་རབས་ཁ་ཤས་ལ་བརྟེན་ནས་མུ་མཐུད་འབད་འཐབ་བྱས་པ་བརྒྱུད་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་ཡོད། 2012ལོར་རྒྱལ་ཁབ་གཉིས་པོས་གཉིས་ཕན་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་པོའི་ཚོང་དོན་གྲངས་འབོར་ལྡབ་གཉིས་འཕར་བ་དང་ཕན་ཚུན་མ་འཇོག་དོ་སྙོམས་ངང་འཕེལ་རྒྱས་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕྱོགས་གཉིས་ནས་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ཡོད། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་ངང་ཕན་ཚུན་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ནི་ཀྲུང་ཨིར་གྱི་འབྲེལ་བ་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པའི་ཉམས་མྱོང་རྩ་ཆེན་ཞིག་ཡིན་པས་ཕྱོགས་གཉིས་པོས་ཐུན་མོང་ཐོག་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨིར་ལན་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པ་དང་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བར་སྒུལ་ཤུགས་སྣོན་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཨིར་ལན་ཕྱོགས་གཉིས་པོས་རིམ་པ་མང་བ་དང་ཁྱབ་ཁོངས་མང་པོའི་མཛའ་གྲོགས་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་འབྲེལ་གཏུག་དང་བསམ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོར་འཛུགས་དགོས། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད”ཀྱི་འགོ་ཚུགས་ལོ་ཡིན་པས། འབྱུང་འགྱུར་ལོ་ལྔའི་ནང་ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨིར་ལན་ཕྱོགས་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། མིས་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། སྨན་རྫས་བདེ་ཐང་སོགས་ཁྱབ་ཁོངས་སུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པ་དང་ཕྱོགས་གཉིས་པོའི་མ་འཇོག་ལ་སྐུལ་འདེད་བཏང་སྟེ་ལེགས་ཆ་གསབ་རེས་དང་། གོ་སྐབས་མཉམ་སྤྱོད།ཐུན་མོང་འཕེལ་རྒྱས་བཅས་མངོན་འགྱུར་བྱེད་འདོད་ཡོད། ཕྱོགས་གཉིས་པོས་སློབ་གསོ་དང་། རིག་གནས། ཡུལ་སྐོར་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དམངས་སེམས་འབྲེལ་འདྲིས་ཡོང་བར་སྐུལ་འདེད་བཏང་ནས་ཨིར་ལན་གྱི་གཞོན་ནུ་ལོ་ཆུང་དེ་བས་མང་བ་ཀྲུང་གོར་སློབ་སྦྱོང་དང་སྤེལ་རེས་ལ་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན།

    ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔའི་འཛམ་གླིང་ལ་འགྱུར་ལྡོག་དང་ཟང་ཟིང་མཉམ་དུ་གནས་པ་དང་ཕྱོགས་རྐྱང་པའི་བཙན་ཤེད་བྱེད་སྤྱོད་ཀྱིས་རྒྱལ་སྤྱིའི་སྒྲིག་ལམ་ལ་རྡབ་རྡེག་ཚབས་ཆེན་བཏང་ཡོད། རྒྱལ་ཁབ་ཁག་ཚང་མས་རྒྱལ་ཁབ་གཞན་གྱི་མི་དམངས་ཀྱིས་རང་བདག་གིས་བདམས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་། རྒྱལ་ཁབ་ཆེན་པོས་དེ་བས་ཀྱང་སྣེ་ཁྲིད་བྱེད་དགོས། ཀྲུང་གོ་དང་ཨིར་ལན་རྒྱལ་ཁབ་གཉིས་པོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དར་སྤེལ་གཏོང་བར། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོས་ཕུགས་ལ་དམིགས་ནས། རོགས་ཟླའི་འབྲེལ་བའི་ངེས་གནས་མཐའ་འཁྱོངས་བྱེད་པ་དང་། ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་མི་མཐུན་པའི་ཆར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱས་ཏེ་མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱེད་དགོས། ལོ་སྨད་དུ་ཨིར་ལན་གྱིས་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད།

    མཱ་ཏིང་གིས་གསུངས་དོན། ཨིར་ལན་དང་ཀྲུང་གོར་གཏིང་ཟབ་ལ་ཡུན་རིང་གི་མཛའ་གྲོགས་འབྲེལ་བ་ཡོད་པས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་བཞིན་ཡོད་པ་དང་མི་ཆོས་རིག་གནས་སྤེལ་རེས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། 2012ལོར་ཀྲུའུ་ཞི་ཞི་ཅིན་ཕིང་ཨིར་ལན་དུ་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲིར་ཕེབས་ནས་ཉེ་བའི་ལོ་ཤས་རིང་ཨིར་ཀྲུང་ཕྱོགས་གཉིས་པོའི་གཉིས་ཕན་འཐབ་ཇུས་རོགས་ཟླའི་འབྲེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད། ཀྲུང་གོས་གྲུབ་འབྲས་གཟེངས་སུ་ཐོབ་པའི་སྒོ་ནས་རྒྱལ་ཁབ་ཀྱི་ཡུན་རིང་འཕེལ་རྒྱས་འཐབ་ཇུས་བཟོས་པ་དང་ལག་བསྟར་བྱས་ནས་གྲུབ་འབྲས་གལ་ཆེན་ཐོབ་པར་མི་རྣམས་ཀྱིས་གུས་བཀུར་བྱེད་ཀྱི་ཡོད། ཨིར་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་རྒྱལ་ཁབ་གཉིས་པོའི་གཉིས་ཕན་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་དང་འཕེལ་རྒྱས་གཏོང་བར་གཞོལ་ནས་ཀྲུང་གོ་ཕྱོགས་དང་ཉོ་ཚོང་དང་། མ་འཇོག ཚན་རྩལ། སྐྱེ་དངོས་སྨན་རྫས། བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ། མིས་ཐབས་རིག་ནུས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་མེད་དུ་མི་རུང་བའི་ནུས་པ་གལ་ཆེན་བཏོན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་སྲུང་སྐྱོང་དང་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་བཞིན་ཡོད།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།