དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ལི་ཙའེ་མིང་དང་གྲོས་མོལ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-01-07


    ཟླ་1ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧན་གོའི་ཙུང་ཐུང་ལི་ཙའེ་མིང་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ལི་ཙའེ་མིང་དང་སྐུ་ཟླ་ཅིན་ཧུའེ་ཅིང་དང་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཧན་གོའི་ཙུང་ཐུང་ལི་ཙའེ་མིང་དང་གྲོས་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་ཧན་གོའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ངང་ལོ་གསར་གྱི་སྨོན་འདུན་ཞུས་ཤིང་། ཞི་ཅིན་ཕིང་གིས་ང་དང་ཙུང་ཐུང་ལི་ཙའེ་མིང་ཐུག་འཕྲད་ཐེངས་གཉིས་བྱས་ནས་ཕན་ཚུན་འཚམས་འདྲི་གནང་བ་དེ་ཐོག་ནས་ཕྱོགས་གཉིས་པོས་ཀྲུང་གོ་དང་ཧན་གོའི་འབྲེལ་བར་མཐོང་ཆེན་བྱེད་ལུགས་མཚོན་ཡོད། གྲོགས་པོ་ཡིན་ལ་ཁྱིམ་མཚེས་ཀྱང་ཡིན་པའི་ཀྲུང་གོ་དང་ཧན་གོས་འགྲོ་འོང་མང་ཙམ་དང་། རྒྱུན་དུ་འགྲོ་འོང་། འབྲེལ་གཏུག་ཧུར་ཐག་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཧན་གོའི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་དུ་བཞག་ནས་ཧན་གོར་འཛིན་པའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་མཛའ་གྲོགས་མཉམ་ལས་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་དང་གཉིས་ཁེ་གཉིས་ཕན་གྱི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐྱོན་བྲལ་གྱི་ལམ་བུར་སྐྱོད་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ཏན་ཏིག་བཏང་ནས་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་དྲང་ཕྱོགས་ཀྱི་མཐུན་རྐྱེན་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧན་རྒྱལ་ཁབ་གཉིས་ཀྱིས“འཆམ་མཐུན་རྩ་བའི་རྩེ་མོར་འཛིན་པ”དང“བསྟུན་ཀྱང་གཅིག་མཚུངས་མི་བྱེད་པ”ཡུན་རིང་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ལམ་ལུགས་དང་འདུ་ཤེས་འཛིན་སྟངས་ཀྱི་ཁྱད་པར་ལས་བརྒལ་བས་ཕན་ཚུན་གྲུབ་འབྲས་ཐོབ་པ་མ་ཟད། མཉམ་དུ་འཕེལ་རྒྱས་ཀྱང་ཕྱིན་ཡོད། ཕྱོགས་གཉིས་པོས་སྲོལ་རྒྱུན་བཟང་པོ་རྒྱུན་མཐུད་བྱས་ནས་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། རང་སོ་སོས་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བྱེད་པ། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱེད་པ། གླེང་མོལ་དང་གྲོས་མོལ་བརྒྱུད་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ནས་འབྱུང་འགྱུར་ལོ་ལྔའི་ཀྲུང་གོའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད་ལ། འཛམ་གླིང་རྒྱལ་ཁབ་ཁག་ལའང་ཡངས་ཤིང་རྒྱ་ཆེ་བའི་གོ་སྐབས་ཀྱང་མཁོ་འདོན་བྱས་ཡོད། ཀྲུང་གོ་དང་ཧན་གོའི་དཔལ་འབྱོར་གྱི་འབྲེལ་བ་ཟབ་པ་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་འདྲེས་ཟབ་པ། མཉམ་ལས་གཉིས་ཕན་བཅས་ཡོད་པས། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་གི་ཁེ་ཕན་མང་ཙམ་བསྐྲུན་ནས་མི་ཐབས་རིག་ནུས་དང་། ལྗང་མདོག་ཐོན་ལས། དབུ་དཀར་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་གཏོད་དགོས། ཕྱོགས་གཉིས་པོས་མི་སྣ་འགྲོ་འོང་བྱེད་ཚད་མང་དུ་བཏང་ནས་གཞོན་ནུ་ལོ་ཆུང་དང་། སྨྱན་སྦྱོར། ལུས་རྩལ། རིག་མཛོད། ས་གནས་སོགས་ཐད་འགྲོ་འོང་བྱས་ཏེ་དྲང་ཕྱོགས་ཀྱི་རྣམ་པ་དེ་དམངས་འདོད་ཀྱི་གཙོ་རྒྱུན་ལ་འགྱུར་བར་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་རྒྱལ་སྤྱིའི་དུས་བབ་དེ་བས་འགྱུར་ལྡོག་དང་ཟང་ཟིང་ཆེན་པོ་ཡོད། ཀྲུང་གོ་དང་ཧན་གོས་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་གལ་ཆེན་འཁུར་ཡོད་པ་དང་། རྒྱ་ཁྱབ་ཀྱི་ཁེ་ཕན་གཅིག་སྡུད་བྱས་ཡོད་པས། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ཀྱིས་ལངས་ནས་ཡང་དག་པའི་འཐབ་ཇུས་གདམ་ག་བྱེད་དགོས། ལོ་80ལྷག་ཙམ་གྱི་གོང་དུ། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་མི་རིགས་ཀྱི་བློས་གཏོང་ཆེན་པོ་བྱས་ཏེ་རི་པིན་དམག་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་བླངས་ཡོད། ད་ཆ་དེ་བས་ལག་གདང་སྦྲེལ་ནས་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་སྲུང་སྐྱོང་དང་ཨེ་ཤེ་ཡ་བྱང་ཤར་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཕན་པ་ཐོབ་མཁན་ཞིག་ཡིན་པའི་ཀྲུང་གོ་དང་ཧན་གོས་སྲུང་སྐྱོང་རིང་ལུགས་ལ་མཉམ་དུ་ངོ་རྒོལ་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས།

    ལི་ཙའེ་མིང་གིས་ཀྲུང་གོའི་མི་དམངས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་ཤིང་། ལི་ཙའེ་མིང་གིས། ཧན་གོ་དང་ཀྲུང་གོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་གང་ཞིག རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཧན་གོ་དང་ཀྲུང་གོས་དེ་སྔ་རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་མཉམ་དུ་འགོག་རྒོལ་བྱེད་མྱོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་ཡོད་པའི་ཧན་གོའི་རང་བཙན་ལས་འགུལ་གྱི་གནས་ཡུལ་རྙིང་པ་སྲུང་སྐྱོང་བྱས་པར་ཧན་གོ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་གི་ཡིན། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་རྗེས། མཉམ་ལས་ཀྱི་འབྲེལ་བ་ཟབ་ཏུ་ཕྱིན་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་མཐོང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། ལོ་གསར་པར་གཙོ་བདག་དབར་ཕྱི་འབྲེལ་ཐོག་མ་བྱས་པ་དེ་གོ་སྐབས་སུ་བྱས་ནས་ཧན་གོ་དང་ཀྲུང་གོའི་འབྲེལ་བ་ཕྱོགས་ཡོངས་ནས་སླར་གསོ་དང་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་བརྟན་དུ་གཏོང་བ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ། ཧན་གོ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་དུ་གཏོད་འདོད་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱས་ནས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་ཀྱི་ཡོད། ཧན་གོ་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་རང་རང་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལས་བྱུང་བའི་གོ་སྐབས་དམ་འཛིན་བྱས་ནས། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོས་རྒྱལ་དམངས་དབར་གྱི་སྤེལ་རེས་ལ་སྐུལ་འདེད་བཏང་ནས་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་ཆེ་རུ་གཏོང་དགོས། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་གི་དར་རྒྱས་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་འདོད་ཡོད། ད་ལོ་ཀྲུང་གོས་གཙོ་གཉེར་བྱ་རྒྱུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་གི་ཡིན་ཞེས་གསུངས་པ་རེད།

    གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཚན་རྩལ་གསར་གཏོད་དང་། སྐྱེ་ཁམས་ཁོར་ཡུག འགྲིམ་འགྲུལ་སྐྱེལ་འདྲེན། དཔལ་འབྱོར་ཚོང་དོན་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་ཁག་15ལ་མིང་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་བ་རེད།

    གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ལི་ཙའེ་མིང་དང་སྐུ་ཟླ་ཅིན་ཧུའེ་ཅིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

    ལི་ཙའེ་མིང་འབྱོར་སྐབས་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོའི་ཐང་ཆེན་ནས་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ལི་ཙའེ་མིང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རུ་སྟར་ལའང་གཟིགས་པ་རེད།

    ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ལི་ཙའེ་མིང་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།