གནས་སྟངས་གསར་པ་དང་བཀྲག་མདངས་གསར་པ་རྒྱུན་ཆད་མེད་པར་མངོན་ཏེ།
གནམ་ལོ་གསར་ཚེས་ཀྱི་འཛད་སྤྱོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
ཀྲུའུ་ཞི་ཞི་ཅིན་ཕིང་གིས2026ལོའི་ལོ་གསར་གྱི་ཤིས་ཚིག་ནང“རིག་གནས་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་ཤིན་ཏུ་དོད་པ། གྲོང་ཁྱེར་དང་གྲོང་ཚོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འཁྲུག་ཆ་ཧ་ཅང་དོད་པ། གངས་འཁྱགས་ལུས་རྩལ་གྱིས་དགུན་དུས་ཀྱི་སྤྲོ་སྣང་འཕེལ་བར་བྱས་པ། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ལས་ཀྲུང་ཧྭའི་རིག་གནས་ལ་དེ་བས་བཀྲག་མདངས་ལྡན་པའི་འོད་སྣང་འཚེར་ཡོད”ཅེས་གསུངས་པ་རེད།
གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། གནས་སྟངས་གསར་པ་དང་བཀྲག་མདངས་གསར་པ་ངོ་མཚར་ཆེ་བའི་སྒོ་ནས་མངོན་པ་དང་། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་དགོས་མཁོ་རྒྱུན་མཐུད་ངང་ཐོན་ནས་འགྲུལ་རྒྱུན་མང་བའི་ཀྲུང་གོར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ལོ་གསར་གྱི་འཛད་སྤྱོད་ལ“གྲུབ་འབྲས་ཡག་པོ”བྱུང་ནས་རྒྱལ་ནང་གི་ཁྲོམ་རའི་གསོན་ཤུགས་ཆེན་པོ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཡོད།
ལས་རྣམ་གསར་སྒྱུར་བྱས་ནས་ཁྲོམ་རར་གྲུབ་འབྲས་ཉམས་དགའ་བ་མངོན།
གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། ཚོང་ལས་ཀྱི་གཞི་རྟེན་གསར་པ་དང་སྤུས་རྟགས་ཀྱི་ཚོང་ཁང་དང་པོ་དང་འགྲེམས་སྟོན་ཐོག་མ་མཉམ་དུ་གཉེར་བ་དེས་ཁྲོམ་རར་ཡིད་དབང་འགུག་ཤུགས་གསར་པ་བསྣན་ཡོད།
པེ་ཅིང་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་གྲངས་གཞི་ལས་མངོན་པར། གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། གཙོ་གནད་ལྟ་ཞིབ་ཚད་ལེན་གྱི་ཁེ་ལས་སུ་རིམ་རྩིས་བརྒྱབ་ན་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར་40.4ཟིན་ནས་ཉིན་རེར་ཆ་སྙོམས་བྲིན་ཚད་དུས་མཚུངས་ལས་16.3%འཕར་ཡོད། པེ་ཅིང་གྲོང་ཁྱེར་གྱི་གཙོ་གནད་ཚོང་ཁུལ་གྱི་འགྲུལ་པ་མི་ཐེངས་ཁྲི་2822.6ཟིན་ནས་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར་84.6མངོན་འགྱུར་བྱུང་ཡོད།
གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། ས་གནས་ཁག་གི་ཚོང་ཁུལ་ཆེ་གྲས་ཁག་ཏུ་དགའ་མོས་བྱེད་ཚད་ཆེ་ཞིང་། འཛད་སྤྱོད་ཀྱི་གནས་སྟངས་གསར་པ་དང་། ལས་རྣམ་གསར་པ། བྱེད་སྟངས་གསར་པ་བཅས་ཐམས་ཅད་ཉམས་དགའ་བ་ཞིག་ཡོད།
རིག་གནས་ཡུལ་སྐོར་ཁྲོམ་རར་གསོན་ཤུགས་ཆེན་པོ་ལྡན་པ་སྟེ། གྲངས་གཞི་ལས་མངོན་པ་ལྟར་ན་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། “ཤིས་ཨན་མཁར་གྱང·རྡོ་རིང་ཡུལ་ལུང་གི་ལོ་རྒྱུས་རིག་གནས་མཛེས་ལྗོངས་ཁུལ”གྱི་སྤ་སེ་སྔོན་མངག་བྱེད་ཚད་དུས་མཚུངས་ལས་134%འཕར་བ་དང་། “ཤིས་ཨན་མཁར་གྱང་གི་མཛེས་རྒྱན”“ཤིས་ཨན་མཁར་གྱང་མཐའ་འཁོར་གྱི་ཞིམ་ཟས”སོགས་ཟས་རིགས་དང་། ཞག་སྡོད། འགྲུལ་སྐྱོད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་བཅས་ཀྱི་འབྲེལ་ཡོད་འཛད་སྤྱོད་ཀྱི་ཐ་སྙད་འཚོལ་བཤེར་བྱེད་ཚད་མངོན་གསལ་དོད་པོས་འཕར་ཡོད་པ་རེད།
གློག་བརྙན་གྱི་སྤ་སེ་འཚོང་ཚད་ཧ་ཅང་མཐོ་བ་སྟེ། གློག་བརྙན་ཁང་གི་གློག་བརྙན་གྱི་རིགས་ཕུན་སུམ་ཚོགས་ལ་བརྗོད་བྱ་སྣ་མང་ཡིན་པས་ལྟད་མོ་བ་མི་འདྲ་བའི་གློག་བརྙན་ལྟ་བའི་དགོས་མཁོ་བསྐངས་ཤིང་། དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞི་ལྟར་ན། ཟླ་1ཚེས་3ཉིན་གྱི་བར་གནམ་ལོ་གསར་ཚེས་ཀྱི་གློག་བརྙན་གྱི་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་7ལས་བརྒལ་ཡོད་པ་རེད།
བཟའ་བཏུང་དང་ཞག་སྡོད་ཐད་ཀྱི་སྔོན་མངག་བྱེད་ཚད་ཆེ་རུ་ཕྱིན་པ་སྟེ། གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་བཟའ་བཏུང་ཁྲོམ་ར་འཁྲུག་ཏུ་ཕྱིན་པ་དང་ས་ཆ་མང་པོར་འགྲུལ་པ་མང་པོ་སླེབས་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། དགའ་བསུ་ཐོབ་པའི་གྲོང་ཁྱེར་གྱི་དམངས་སྲོལ་གནས་ཚང་གི་མངགས་ཐོ་དུས་མཚུངས་ལས་ལྡབ་1.6འཕར་བ་དང་། དགའ་བསུ་ཐོབ་པའི་མཛེས་ལྗོངས་ཁུལ་མཐའ་འཁོར་གྱི་མགྲོན་ཁང་དུ་སྡོད་པའི་དགོས་མཁོ་ཆེས་ཆེར་འཕར་ཡོད།
མཐུན་རྐྱེན་སྟབས་བདེ་ལས་འགྲུལ་སྐྱོད་ཀྱི་སྤྲོ་སེམས་འཕེལ།
འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་1ཚེས་1ཉིན་ནས་ཚེས་3ཉིན་གྱི་བར། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་མི་སྣ་ཕར་འགྲོ་ཚུར་འོང་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་5.9ཟིན་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར་1.98ཟིན་པ་དེ་དུས་མཚུངས་ལས་19.5%འཕར་ཡོད། འགྲོ་སྐྱོད་བྱེད་སྟངས་དབྱེ་ནས་བལྟས་ན། ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི་4822.3ཟིན་པ་དེ་དུས་མཚུངས་ལས་53.1%འཕར་རྒྱུ་རེད། གཞུང་ལམ་ནས་མི་སྣ་ཕར་ཚུར་འགྲོ་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་5.4ཟིན་ཏེ་དུས་མཚུངས་ལས་15.5%འཕར་རྒྱུ་རེད། ཆུ་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི་229.0ཟིན་ནས་དུས་མཚུངས་ལས་35.3%འཕར་རྒྱུ་རེད། དམངས་སྤྱོད་མཁའ་འགྲུལ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི་588.1ཟིན་ཏེ་དུས་མཚུངས་ལས10.49%འཕར་རྒྱུ་རེད།
མཚོ་ཐོག་དང་། སྐམ་ས། མཁའ་དབྱིངས་བཅས་ཀྱི་སྣ་མང་སྡེབ་སྒྲིག་ལས་རྒྱལ་ཁབ་ཕྱི་ནང་བར་སྦྲེལ་མཐུད་བདེ་བླག་ཐུབ་སྟེ་རང་ཁྱིམ་དུ་ལོག་པའི་བགྲོད་ལམ་དང་སྦྲེལ་མཐུད་བྱུང་བ་མ་ཟད། ད་དུང་འཛད་སྤྱོད་ཀྱི་བར་མཐོངས་གསར་པ་ཡང་རྒྱ་སྐྱེད་བཏང་ནས་དཔལ་འབྱོར་གྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་ཡོད།
ཏིར་ཏིར་ཕྱིར་སྐྱོད་ཀྱི་གྲངས་གཞི་ལས་མངོན་པར། གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་འཁོར་འབོད་དགོས་མཁོ་དུས་མཚུངས་ལས་31%འཕར་བ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཟ་ཁང་། ཚོང་ར་ཆེ་གྲས་བཅས་སུ་འཁོར་འབོད་དགོས་མཁོ་དུས་མཚུངས་ལས་63%དང་། 53% 48%ཁག་སོ་སོར་འཕར་ཡོད། ཏིར་ཏིར་འཁོར་གླས་སྔོན་མངགས་བྱེད་ཚད་དུས་མཚུངས་ལས་243%འཕར་བ་དང་དེའི་ནང་སྤྱོད་མཁན་ཕྱེད་ཀ་ཙམ་གྱིས་ཉིན་2ནས་4བར་འཁོར་གཏོང་ཡུལ་སྐོར་བྱེད་པར་སྐྱོད་ཀྱི་ཡོད།
ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཀྱི་སྒོ་ཁྲལ་བསྡམས་ནས་གཉེར་སྐྱོང་བྱས་རྗེས་ཀྱི་གུང་གསེང་ཐེངས་དང་པོར་ཕྱིར་སྐྱོད་ཁྲོམ་ར་འཁྲུག་ཏུ་ཕྱིན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། གུང་གསེང་རིང་གི་ཉིན་གཉིས་ནང་ཆུང་ཀྲོའུ་མཚོ་འགག་གྲུ་གཟིངས་སྐྱེལ་འདྲེན་གྱིས་ཁྱོན་མཚོ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་10.64དང་རླངས་འཁོར་ཐེངས་ཁྲི་2.86བདེ་འཇགས་ངང་སྐྱེལ་འདྲེན་བྱས་པ་དང་། འགྲུལ་རྒྱུན་དང་འཁོར་རྒྱུན་2025ལོའི་དུས་མཚུངས་ལས་25.9%དང་6.1%ཁག་སོ་སོར་འཕར་ཡོད་པ་རེད།
འགན་སྲུང་ནུས་ལྡན་བྱས་ནས་འཛད་སྤྱོད་ཉམས་ལེན་ལེགས་སུ་སོང་།
ཟླ་1ཚེས་1ཉིན་གྱི་ཆུ་ཚོད་བཅུ་པ་ཙམ་ལ། སི་ཁྲོན་ཁྲེང་ཏུའུ་ཕི་ཏུའུ་ཆུས་ཐང་ཁྲང་གྲོང་རྡལ་ཏ་ཡུན་གྲོང་ཚོའི་སྐུ་ཞབས་ཧོང་ལགས་ཀྱིས་ཅིང་ཏུང་ནས་མངགས་པའི་རྒྱལ་ཁབ་ཀྱི་ཁ་གསབ་ཐོན་རྫས་བདེ་བླག་ངང་འབྱོར་བར་མིང་བཀོད་པ་དང་། དེ་ནི་ད་ལོ་ཅིང་ཏུང་གིས་གྲོང་གསེབ་ཏུ་བསྐྱལ་བའི་རྒྱལ་ཁབ་ཀྱི་ཁ་གསབ་ཐོན་རྫས་ཀྱི་མངགས་ཐོ་དང་པོ་དེ་རེད།
ད་ལོ་ཀྲུང་དབྱང་གིས་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱི་མ་དངུལ་མུ་མཐུད་བཀོད་སྒྲིག་བྱས་པ་དང་། ས་གནས་ཁག་གིས་བསྡུར་ཚད་ལྟར་ལྷན་སྦྱར་མ་དངུལ་བཀོད་སྒྲིག་བྱས་ནས་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་གསར་པ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། དངོས་དངོས་རྗེན་རྗེན་གྱི་གཟིགས་སྐྱོང་འཛད་སྤྱོད་པར་ཐད་ཀར་སྤྱོད་རྒྱུར་སྐུལ་འདེད་བཏང་ཡོད། གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། ལྗང་མདོག་དང་རིག་ནུས་ཐོན་རྫས་དེ་བས་མང་བ་མི་སེར་གྱི་འཚོ་བའི་ནང་ཁྱབ་སྟེ་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ཡོད།
ཀོང་ཏུང་ཧྲེན་ཀྲེན་ནན་ཧྲན་ཆུས་ཀྱི་ཚོང་ཁང་ཞིག་གི་འགན་འཁུར་བས་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཚུན་ཚོང་ཁང་གི་འགྲུལ་རྒྱུན་དང་ཕྱིར་འཚོང་བྱེད་ཚད་མགྱོགས་མྱུར་འཕར་ཡོད། “ཁྱིམ་སྤྱོད་གློག་ཆས་ཀྱི་རིགས་ཁོ་ནར་གནམ་ལོ་གསར་ཚེས་ཀྱི་ཉིན་གཅིག་གི་ཕྱིར་འཚོང་ཡོང་འབབ་གཟའ་འཁོར་གོང་མའི་གཟའ་འཁོར་ཧྲིལ་པོ་དང་ཧ་ལམ་མཚུངས་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་གངས་འཁྱགས་སོགས་བརྗོད་དོན་གཙོ་བོར་དམིགས་ནས་རིག་གནས་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱས་ཡོད། ཟླ་1ཚེས་2ཉིན་གྱི་ས་སྲོད་ལ། ཧྲན་ཏུང་ཅི་ཉིང་རེན་ཁྲེང་ཆུས་ཀྱི“མིས་བཟོས་གཙང་པོའི་དྲན་ཤེས”ལོ་རྒྱུས་རིག་གནས་ཁྲོམ་ཁུལ་དུ། ངོགས་གཉིས་ཀྱི་གློག་འོད་རིམ་བཞིན་སྦར་བ་དང་བསྟུན་ནས“མིས་བཟོས་གཙང་པོའི་རོལ་དབྱངས་འདུ་ཚོགས”འཚོགས་ཏེ་མི་མེད་གནམ་གྲུའི་འཁྲབ་སྟོན་གྱིས་མཚན་མོའི་མཁའ་དབྱིངས་གསལ་བར་བྱས་ཤིང་། ས་གནས་དེ་གས“མཚན་མོའི་ཡུལ་སྐོར་དང་། མཚན་མོའི་གསོལ་སྟོན། མཚན་མོའི་ཉོ་སྒྲུབ། མཚན་མོའི་རོལ་རྩེད། མཚན་མོའི་འཁྲབ་སྟོན”བཅས་ཀྱི་རུབ་འདུས་འཛད་སྤྱོད་ཁུལ་བཏོད་ནས་གཞོན་ནུ་དེ་བས་མང་བའི་འཛད་སྤྱོད་ཀྱི་ཡིད་དབང་བཀུག་པ་རེད།
འབྲེལ་ཡོད་གསར་འགྱུར།