དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ལོ་ལྔ་ཚན་བཅོ་ལྔ་པའི”རྒྱང་ལམ་གསར་པར་མཉམ་དུ་སྐྱོད་ཆེད་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

    ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ལས་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-06

    ལོ་གསར་པའི་སྔ་ནུབ་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པའི་2026ལོའི་ལོ་གསར་གྱི་ཤིས་ཚིག་ལ་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་དུས་ཐོག་ཏུ་ལྟ་ཉན་བྱས་ཤིང་། ཁོང་ཚོས་འདི་ག་ཚགས་པར་གྱི་གསར་འགོད་པར་ལོ་གསར་གྱི་ཤིས་ཚིག་ནང“ལོ་ལྔ་ཚན་བཅུ་བཞི་པའི”འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཕྱིར་མིག་བལྟས་པ་དང་། འདས་ཟིན་པའི་ལོ་གཅིག་རིང་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུར་ཕྱོགས་སྡོམ་བྱས་པ། དམངས་འཚོའི་དོ་ཁུར་ཆེན་པོ་དང་ཡར་བརྩོན་གྱི་སྤོབས་སེམས་གཅིག་ཏུ་འདུས་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོར་སེམས་ཤུགས་གཅིག་སྒྲིལ་དང་ཞུམ་མེད་མདུན་སྐྱོད་ཀྱིས། “ལོ་ལྔ་ཚན་བཅོ་ལྔ་པའི”རྒྱང་ལམ་གསར་པར་མཉམ་དུ་སྐྱོད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་རྒྱ་ཆེར་གཏོང་ཆེད། འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་པའི་འབོད་སྐུལ་བྱས་འདུག་ཅེས་བརྗོད།

    “ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་ཏུ་སོང་བ”

    “ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ཉན་པ་དེ་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་ལོ་གསར་ལ་བསུ་བ་ཞུ་བའི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད” ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ལས་གཞན་ཡུལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་མེས་རྒྱལ་གྱི་འཕེལ་རྒྱས་བྱུང་ཚུལ་ཤེས་རྟོགས་ཐུབ་པ་མ་ཟད། མེས་རྒྱལ་དང་བསམ་སྤྱོད་གཅིག་མཐུན་ཡིན་པའི་མྱོང་ཚོར་ཡང་བྱུང་ཡོད། “ལོ་གསར་གྱི་ཤིས་ཚིག་ནང་གླེང་བའི‘རིག་གནས་ལ་བརྟེན་ནས་བསམ་པའི་ཁྱིམ་གཞིས་ལེགས་པར་སྐྱོང་དགོས’ཞེས་དང‘བདེ་སྐྱིད་འཚོ་བ་མཉམ་གཏོད་མཉམ་སྤྱོད་བྱེད་དགོས’ཞེས་པ་སོགས་ཀྱི་ནང་དོན་ཐོས་རྗེས་ང་རང་ལ་བག་ཆགས་ཟབ་མོ་བྱུང་། སྟོབས་ཤུགས་ཀྱིས་ཁེངས་པའི་བཀའ་མོལ་དེ་དག་ལས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མི་དམངས་གནས་བབ་གལ་ཆེ་ཤོས་སུ་བཞག་པ་གང་ལེགས་མཚོན་གྱི་འདུག”ཅེས་པར་ཙིར་ཀྲུང་གོ་ཞི་བའི་གཅིག་གྱུར་ཡར་སྐུལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཞའོ་ཁྲུན་གྱིས་བརྗོད།

    ལོ་མང་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ནང་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་བརྩེ་སེམས་ཟབ་མོས་ཁེངས་འདུག“བབ་ཆགས་ཟོལ་མེད་ཀྱི་སྨོན་ཚིག་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་བཀའ་མོལ་དག་སེམས་ལ་ཟུག་སྟེ། ཐག་རིང་གཞན་ཡུལ་དུ་ཡོད་པའི་ང་ཚོར‘ལོ་ལྔ་ཚན་བཅོ་ལྔ་པའི’ལེའུ་གསར་རྐྱང་ཞིག་འགོ་འཛུགས་པ་དང་མེས་རྒྱལ་གྱི་འབྱུང་འགྱུར་མཛེས་སྡུག་ལྡན་པ་ཞིག་ཡོང་བར་ཡིད་ཆེས་ཀྱིས་ཁེངས་ལ་རེ་བའང་བཅོལ་ཡོད”ཅེས་སི་ཕེན་ཀྲུང་གོ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཧྲེང་ལེ་ཡིས་བརྗོད།

    “བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་མངོན་པ་ལས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་པ”

    མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོར་གཅིག་ལ་གཅིག་འགྲན་དུ་སྙེག་པ་ནས་ཚད་རྡུལ་རྩིས་རྒྱག་དང་ཀླད་འཕྲུལ་མཐུད་ཁ་སོགས་ཁྱབ་ཁོངས་གསར་པར་ཐོན་པའི“ཀྲུང་གོའི་བློ་རིག”བར་དུ་ཀྲུང་གོའི་ཚན་རྩལ་གསར་གཏོད་ལ་2025ལོར་བརྒྱུད་རིམ་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། གྲུབ་འབྲས་དེ་དག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་དང་ཆབས་ཅིག ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་མི་རིགས་ཀྱི་སྤོབས་སེམས་ཀྱང་ཇེ་ཆེར་ཕྱིན་ཡོད་ཅེས་ཐེ་ལན་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལས་རིགས་ཁག་གི་སྤྱི་མཐུན་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཀྲུའུ་རེན་ལི་ཀུའེ་ཞུང་གིས་བརྗོད།

    “འདས་ཟིན་པའི་ལོ་གཅིག་རིང་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་མདུན་སྐྱོད་བརྟན་པོ་བྱུང་བ་དང་ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཏེ། འཛམ་གླིང་གི་དཔལ་འབྱོར་ལ་རྩ་ཆེའི་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་མཁོ་འདོན་བྱས་ཡོད། ཨེ་ཅིབ་ཏུ་ཀྲུང་གོའི་ཁེ་ལས་དང་ལག་རྩལ་གྱིས་ནུས་རྒྱུ་གསར་པ་དང་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་བཏང་བ་ལས། ས་གནས་དེ་གའི་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་མ་ཟད། ཀྲུང་གོའི་སྤུས་རྟགས་ཀྱི་མཚན་སྙན་ཡང་ཆེ་རུ་ཕྱིན་ཡོད”ཅེས་ཨེ་ཅིབ་ཀྲུང་ཧྭ་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་ཝང་ཕེ་ཀྲུང་གིས་བརྗོད།

    “འཛམ་གླིང་འགྱུར་ལྡོག་དང་ཟང་ཟིང་ཆེ་བ་དང་གཏན་འཁེལ་མེད་པའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་འགྲོ་བའི་དེང་གི་དུས་སུ། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་མཐའ་འཁྱོངས་བྱས་ཏེ། བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་མངོན་པར་བྱས་པ་ལས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད” འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གོར་མི་ཐབས་རིག་ནུས་དང་། ལྗང་མདོག་ནུས་རྒྱུ། སྔོན་ཐོན་བཟོ་སྐྲུན་སོགས་ཁྱབ་ཁོངས་སུ་ཚད་བརྒལ་གསར་པ་བྱུང་བ་དེས། ཀྲུང་གོ་དང་འཇར་མན་གྱི་དངོས་སྒྲུབ་མཉམ་ལས་ལ་བར་མཐོངས་གསར་པ་བཏོད་ཡོད་ལ། འཇར་མན་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ཡར་རྒྱས་ཡོར་རྒྱུར་སྔོན་དཔག་ཐུབ་པའི་ཁོར་ཡུག་དེ་བས་བརྟན་པོ་ཞིག་ཀྱང་མཁོ་འདོན་བྱས་ཡོད། “འབྱུང་འགྱུར་ང་ཚོས་དམངས་ཁྲོད་ལ་གཞི་ཚུགས་ཏེ་རིག་གནས་སྤེལ་རེས་དང་། གཞོན་ནུའི་མཉམ་ལས། དངོས་སྒྲུབ་གླེང་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཐུབ་ཆེད་ཕྱིར་སྡོད་རང་མིའི་ཚོགས་སྤྱིའི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་འཇར་ཀྲུང་མཛའ་གྲོགས་མཐུན་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡའོ་ཀྲེན་གྱིས་བརྗོད།

    “མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བར་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”

    “ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཀྲུང་ཕྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གོ་སྐབས་བཟང་པོ་སྦྱིན་པ་ཕྱི་རྒྱལ་དུ་ཡོད་པའི་ང་ཚོར་མྱོང་ཚོར་ཟབ་མོ་བྱུང” ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ལས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བློ་རྒྱ་ཡངས་པོས་འཛམ་གླིང་དང་ལེན་དང་ཕྱོགས་མང་མཉམ་ལས་ཀྱི་འཕེལ་རིམ་ལ་སྣེ་ཁྲིད་ཧུར་ཐག་བྱེད་པ་སླར་ཡང་མཚོན་གྱི་འདུག 2025ལོར་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་སླར་གསོ་དང་ས་ཁོངས་འཕེལ་རྒྱས་གཏོང་ཆེད་མུ་མཐུད་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་པ་དང་བློ་གྲོས་ལེགས་སྐྱེས་ཕུལ་ཡོད། 2026ལོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཚོགས་འདུ་རབ་དང་རིམ་པ་ཀྲུང་གོར་འཚོག་རྒྱུ་ཡིན་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་འགྲོ་ལམ་དང་བཅོས་སྐྱོང་ནུས་པར་ཚད་མཐོའི་ཁས་ལེན་བྱས་པ་གང་ལེགས་མཚོན་གྱི་ཡོད། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་སྤུན་ཟླ་ཚོས་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད། ཕྱིར་སྡོད་སྤུན་ཟླའི་ཚོགས་སྤྱིའི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་ཧན་གོ་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་ན་གཞོན་ཚོང་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོགས་ཡིན་པའི་ལི་པོ་ཡིས་བརྗོད།

    “རྒྱང་སྐྱོད་ལམ་བུ་གསར་པར་དམིགས། མཛེས་སྡུག་འབྱུང་འགྱུར་མཉམ་དུ་གཏོད། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ནི་ཀྲུང་གོ་དང་ཕྱི་རྒྱལ་དབར་སྤེལ་རེས་བྱེད་པར་བདེན་དཔང་བྱེད་མཁན་རེད་ལ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་མཁན་ཞིག་དེ་བས་ཀྱང་བྱེད་དགོས། ང་ཚོས་ཀྲུང་གོ་དང་ཕྱི་རྒྱལ་མཉམ་འདྲེས་ཐུབ་པར་བྱེད་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་མུ་མཐུད་འདོན་སྤེལ་བྱས་ནས་འབྲེལ་ཟམ་ཧུར་ཐག་བསྐྲུན་ཏེ་གནས་ཡུལ་རྒྱལ་ཁབ་ཀྱི་སྤུས་ལེགས་ཐོན་ཁུངས་དང་ཀྲུང་གོའི་ཁྲོམ་ར་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཤེས་དཔལ་ཕན་ཚུན་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ། གསར་དར་ཐོན་ལས་ལ་དམིགས་ནས་རྒྱལ་མཚམས་སྒྲོལ་བའི་གསར་གཏོད་མཉམ་ལས་བྱེད་པ། ཕྱིར་སྡོད་ཀྲུང་གོ་བའི་བློ་རིག་དང་སྟོབས་ཤུགས་དེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཛའ་མཐུན་གྱི་འབྲེལ་ཐག་བརྟན་པོ་ཞིག་ཏུ་འགྱུར་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན” ལོ་གསར་པར་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེའུ་གསར་པ་སླར་ཡང་རྩོམ་ཐུབ་རྒྱུའི་རེ་བ་དང་། དམངས་འཚོ་འགན་སྲུང་མི་སེམས་སུ་དེ་བས་ཟུག་པའི་རེ་སྒུག་བྱེད་ཀྱི་ཡོད་ལ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་དུ་ཀྲུང་གོས་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བའང་ཡོད་ཅེས་ཨོ་སི་ཁྲུ་རི་ཡ་ཕྱི་ཁོངས་ཀྲུང་གོ་བའི་སྤྱི་ཁྱབ་ཚོགས་པའི་གཟི་བརྗིད་མཚན་སྙན་ཚོགས་གཙོ་ཀྲེང་ཁྲེང་དབྱི་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།