བོད་ལྗོངས་ལྗང་མདོག་འབྱུང་ཁུངས་ཀུང་སིས་ས་མཐོའི་སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས་ལས་ལ་ཧུར་ཐག་གཞོལ་བ།
བྱེ་ཐང་དུ་སྒྲིག་བཀོད་ཞིང་ལས་འཚོལ་ཞིབ་བྱས་པ།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་ཡོད་པའི་བོད་ལྗོངས་ལྗང་མདོག་འབྱུང་ཁུངས་དེང་རབས་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་སྔོ་ཚལ་རྟེན་གཞིར་དེང་རབས་ཅན་གྱི་འགྱིག་ཤོག་དྲོད་ཁང་ཆེ་མོ་རེ་རེའི་ནང་སྔོ་ཚལ་དང་ཤིང་འབྲས་མང་པོ་བཏབ་ཡོད་པ་དང་། ལས་མིས་འབྲི་ཏ་ས་འཛིན་དང་འདམ་མྱུག་སོགས་འཐུ་བཞིན་འདུག སྔོ་ཚལ་དང་ཤིང་འབྲས་སོས་པ་དེ་དག་ཉིན་དེ་རང་དུ་ལྷོ་ཁ་དང་ལྷ་སའི་ཁྲོམ་ར་ཁག་ཏུ་འདོན་ཐུབ་ཀྱི་ཡོད་པ་རེད།
“ལོ་ལྟར་དགུན་དུས་སུ་སྔོ་ཚལ་རྟེན་གཞིས་སྐྱེ་ལྡན་སྔོ་ཚལ་སྣ་ཚོགས་ཧ་ལམ་ཏུན་750འཚོང་གི་ཡོད”ཅེས་ལྗང་མདོག་འབྱུང་ཁུངས་ཀུང་སི་བོད་ལྗོངས་ལས་དོན་པུའི་སྤྱི་ཁྱབ་ཅིང་ལི་ཡུས་དབྱིང་གིས་བརྗོད་པ་དང་། ཁོང་གིས་དགུན་དུས་ས་མཐོར་སྔོ་ཚལ་སོས་པ་རང་མཁོ་རང་སྤྲོད་ཡག་པོ་བྱེད་ཐུབ་ཀྱི་མེད་པས་ཁེ་ལས་འཕེལ་རྒྱས་ལ་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་བཏོད་ཡོད་ཅེས་ངོ་སྤྲོད་བྱས།
ས་མཐོའི་རང་བྱུང་ཁོར་ཡུག་དང་གནམ་གཤིས་ཆ་རྐྱེན་ལས། ཤིང་འབྲས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་ཡི་ཡོད་པས། དུས་ཡུན་རིང་པོའི་ནང་། ས་མཐོར་ཤིང་འབྲས་མཁོ་སྤྲོད་བྱེད་པ་དེ་གཙོ་བོ་ས་ཆ་གཞན་དག་ནས་དབོར་འདྲེན་བྱེད་དགོས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། སྒྲིག་བཀོད་ཞིང་ལས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་ཕྱིན་ཏེ་ཁྱབ་གདལ་ཐུབ་པ་དང་བསྟུན་ནས། ཡར་ཀླུང་གཙང་པོའི་བྱང་ངོགས་ལྷོ་ཁ་གྲོང་ཁྱེར་གྱི་རྒྱུད་དུ་བྱེ་ཐང་སྒྱུར་བཀོད་དང་བེད་སྤྱོད་ནུས་ལྡན་ཐུབ་སྟེ། སྒྲིག་བཀོད་ཞིང་ལས་ཁེ་ལས་ཁག་གཅིག་ཐོན་ཡོད་པ་རེད།
2019ལོར། བོད་ལྗོངས་ལྗང་མདོག་འབྱུང་ཁུངས་དེང་རབས་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་བཙུགས་པ་དང་འབྲེལ། གྲ་ནང་རྫོང་རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོའི་བྱེ་ཐང་མུའུ་3500འགན་གཙང་བླངས་ནས། བོད་ལྗོངས་ས་མཐོའི་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ཐོན་ལས་གླིང་བསྐྲུན་པ་རེད།
ས་བབ་སྨི་3600ཡན་ཟིན་པའི་བྱེ་ཐང་དུ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན། ཁེ་ལས་ཀྱིས“ས་རྒྱུ་ལེགས་བཅོས་དང་། ཆུར་གྲོན་ཆུང་། གནོད་འབུ་འགོག་པ། འཁོར་རྒྱུག་བཅས་ཟུང་དུ་འབྲེལ་བའི”ཕྱོགས་བཞི་གཞི་གཅིག་གི་ལག་རྩལ་མ་ལག་སྤྱད་ཅིང་། ཡུས་དབྱིང་གིས“ཁེ་ལས་ཀྱིས་ལོ་3བསྟུད་མར་བྱེ་ཐང་ལ་སྐྱེ་ལྡན་ལུད་བརྒྱབ་ནས་པད་ཁ་སོགས་ལོ་ཏོག་བཏབ་པ་དང་། ཚང་མ་རྨོ་བསློགས་ནས་ས་རྒྱུ་གཤིན་ཚད་མཐོ་རུ་བཏང་བ་མ་ཟད། འགྱིག་ཤོག་དྲོད་ཁང་ཆེན་པོ་དང་སྐྱི་འོག་ཞིང་ཆུ་གཏོང་བའི་ལག་རྩལ་ནང་འདྲེན་བྱས་ཏེ། ‘སྣོལ་འདེབས’དང‘རེས་འདེབས’བྱ་ཐབས་དང་ཟུང་འབྲེལ་གྱིས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་བཏང་ཡོད”ཅེས་བརྗོད་པ་རེད།
ཁོར་ཡུག་ལེགས་སུ་བཏང་བ་དང་ཆབས་ཅིག ཁེ་ལས་ཀྱིས་རྒྱལ་ནང་གི་ཞིང་ལས་རིགས་གཅིག་མཁས་ཅན་རྩེ་གྲས་གདན་དྲངས་ནས་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་30ལྷག་ཙམ་ལ་སོན་བཟང་འདྲེན་འཛུགས་འདུལ་གསོ་ཚོད་ལྟ་བྱས་ཏེ། འདམ་མྱུག་དང་། སོ་ལོ། ཤིས་ཀྭ ཧོང་ཀྭ་སོགས་ས་གནས་དེ་གར་འདེབས་པར་འཚམ་པའི་སྣ་ཁ་བདམས་ནས་གཞི་ཁྱོན་ཆེན་པོས་ཁྱབ་གདལ་བཏང་བ་མ་ཟད། རང་བདག་སྤུས་རྟགས་ཀྱང་བཏོད་ཡོད་པ་རེད། དེའི་ནང་རྩ་བ་རྒྱས་པ་དང་། ལོ་མང་སྐྱེ་འཚར་ཡོང་བ། ཟུར་སྣོན་རིན་ཐང་ཆེ་བ་བཅས་ཀྱི་འདམ་མྱུག་ནི་ཐོན་རྫས་གཙོ་བོར་གྱུར་ཡོད་པ་རེད།
ཡུས་དབྱིང་གིས“ཕྱོགས་གཅིག་ནས་འདམ་མྱུག་གི་རྩ་བའི་རིང་ཚད་སྨི་2ཟིན་པས་ས་མཐོའི་ཁོར་ཡུག་དང་འཚམ་པ་དང་། ཕྱོགས་གཞན་ཞིག་ནས་འདམ་མྱུག་ནི་ལོ་མང་སྐྱེ་འཚར་བཟང་ཞིང་འཚོ་བཅུད་མང་པོ་འདུས་པའི་ལོ་ཏོག་ཅིག་ཡིན་པས་འདེབས་འཛུགས་ཐེངས་གཅིག་བྱས་ཚེ་ལོ་10ནས་15བར་བསྟུད་མར་བསྡུ་ཐུབ་པ་དང་། ཟུར་སྣོན་རིན་ཐང་ཆེན་པོ་ཡོད། ས་མཐོའི་སྦགས་བཙོག་མེད་པའི་ཁོར་ཡུག་ལས་འདམ་མྱུག་གི་སྤུས་ཀ་ལེགས་སུ་ཕྱིན་པ་མ་ཟད། ཤང་ཀང་དང་ཨའོ་མོན་གྱི་ཁྲོམ་རར་འཚོང་ཐུབ་ཀྱི་ཡོད”ཅེས་བརྗོད།
2023ལོར། འདམ་མྱུག་སོས་པའི་ཐོན་ཟོག་ཁག་དང་པོ་དེ་ཧྲང་ཧའེ་དང་། ཁྲེང་ཏུའུ། ཁྲང་ཧྲ་སོགས་སུ་བདེ་བླག་ངང་དབོར་ནས་བཙོངས་པ་རེད། 2024ལོར། ལྗང་མདོག་འབྱུང་ཁུངས་སྐྱེ་ལྡན་འདམ་མྱུག་གི་ཐོན་རྫས་རིན་ཐང་སྒོར་ཁྲི་400ལྷག་ཙམ་ལས་བརྒལ་བ་དང་། ལོ་དེར་ཁེ་ལས་ཀྱི་རང་བདག་སྤུས་རྟགས་ཡིན་པའི་ས་མཐོའི་སྐྱེ་ལྡན་འདམ་མྱུག་ལ་ད་དུང་ཀྲུང་གོའི་དབུས་རྒྱུད་ཞིང་ལས་འགྲེམས་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ་པ་རེད།
ད་ཆ། ཁེ་ལས་ཀྱིས་གྲ་ནང་རྟེན་གཞིར་མ་དངུལ་སྒོར་དུང་ཕྱུར་2བཏང་ནས་བྱེ་ཐང་མུའུ་1200ལྷག་ཙམ་ལེགས་བཅོས་བྱས་ཏེ། རིག་ནུས་ཅན་གྱི་ཤེལ་སྒོའི་དྲོད་ཁང་དང་དེ་བཞིན་ཚད་གཞི་མཐོ་བའི་ཡུག་འབྲེལ་འགྱིག་ཤོག་དྲོད་ཁང་ཆེན་པོ་18བསྐྲུན་ཡོད། གཞན་ཡང་། ད་དུང་གྲང་ཕྲེང་ཟོག་འགྲུལ་ཁག་བགོས་ཕྱོགས་བསྡུས་1དང་ཤིང་ཏོག་འཐུ་ཁང་20བསྐྲུན་པས་ཐོན་ལས་གླིང་གི་གཞི་ཁྱོན་རགས་ཙམ་ཆགས་ཡོད་པ་རེད།
“ང་ཚོས་ལྗང་མདོག་འཕེལ་རྒྱས་དང་། ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས། བོད་ཀྱི་ཐུན་མོང་མ་ཡིན་པའི་ས་ཁམས་ཀྱི་ལེགས་ཆ་དང་། སྐྱེ་ཁམས་ཀྱི་ལེགས་ཆ། དེ་བཞིན་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་བཅས་གང་ལེགས་སྤྱད་དེ། གོ་ལ་ཧྲིལ་པོའི་དེང་རབས་ལྗང་མདོག་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་སྣེ་འདྲེན་ཁེ་ལས་ལ་འགྱུར་བའི་དམིགས་ཚད་རྒྱུན་ཆད་མེད་པར་སྒྲུབ་བཞིན་ཡོད”ཅེས་ཡུས་དབྱིང་གིས་བརྗོད་པ་དང་། ཁོང་གིས། འབྱུང་འགྱུར་ཁེ་ལས་ཀྱིས་འདམ་མྱུག་ཇི་བཞིན་ས་མཐོར་རྩ་བ་བཙུགས་ནས་ཞིང་ལས་ཚན་ཞིབ་དང་། སོན་གསོ། མྱུག་གསོ། སྔོ་ཚལ་དང་ཤིང་འབྲས་འདེབས་འཛུགས། ལས་སྣོན། ཐོན་རྫས་ལ་ཞིབ་དཔྱད་ཚད་ལེན། དབོར་འདྲེན། ཕྱིར་ཚོང་། ལྷན་སྦྱར་ཞིབ་སློབ་ལག་ལེན་དང་ལྟ་སྐོར་ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་བོད་ཀྱི་ས་མཐོའི་དེང་རབས་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ཞིང་ལས་ཐོན་ལས་གླིང་སྐྲུན་གྱི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།