ལྗོངས་ཡོངས་སུ་མི་དམངས་འདུམ་འགྲིག་རྩ་འཛུགས་7077ཡོད་པ།
གྲོང་ཁྱེར་དང་གྲོང་གསེབ་དང་། སྡེ་ཁུལ། གཙོ་གནད་ལས་རིགས་ཁྱབ་ཁོངས་བཅས་ལ་ཁྱབ་པ།
ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ལྗོངས་ཡོངས་སུ་མི་དམངས་འདུམ་འགྲིག་རྩ་འཛུགས་7077ཡོད་ཅིང་། གྲོང་ཁྱེར་དང་གྲོང་གསེབ་དང་། སྡེ་ཁུལ། གཙོ་གནད་ལས་རིགས་བཅས་ལ་ཁྱབ་ཡོད་པ་རེད།
རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཞུའེ་ཡོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱིས་འདུམ་འགྲིག་དཔུང་ཁག་སྟོབས་ཆེན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས“འཐུས་མི་གཉིས་དང་ཨུ་ཡོན་གཅིག”དང་། གཞི་རིམ་རྩ་འཛུགས་ཀྱི་ཁོངས་མི། བཅའ་ཁྲིམས་ཞབས་ཞུའི་ལས་དོན་པ། “མི་སྣ་རྒན་གྲས་ལྔ” སྤྱོད་གྲགས་གཉིས་ལྡན་མི་སྣ་སོགས་ཀྱི་ཚོགས་སྤྱིའི་ཁྲོད་ནས་མི་སྣ་ལེགས་འདེམས་བྱས་ཏེ། ཆེད་བསྐོས་མི་དམངས་འདུམ་འགྲིག་པ་1988བཀོད་སྒྲིག་བྱས་ནས་ཆེད་འགན་དང་གཅིག་ལྕོགས་ཟུང་འབྲེལ་དང་། ལེགས་ཆ་གསབ་རེས། དངོས་སྒྲུབ་ལས་ཕྱོད་ཆེ་བ་བཅས་ཀྱི་འདུམ་འགྲིག་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ཤིང་། མིག་སྔར་ལྗོངས་ཡོངས་སུ་ཆེད་འགན་དང་གཅིག་ལྕོགས་ཀྱི་མི་དམངས་འདུམ་འགྲིག་པ་ཁྱོན་ཁྲི་4.2ལྷག་ཙམ་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་འདུམ་འགྲིག་ལས་དོན་ཚད་ལྡན་ཅན་དང་ཁྱད་ལྡན་ཅན་གྱི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། ལྗོངས་ཡོངས་ཀྱི་འདུམ་འགྲིག་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ《བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འདུམ་འགྲིག་སྲོལ་ཡིག》དང་དེ་བཞིན་ཁྱབ་ཁོངས་ཁག་གི་ལེ་ལག་ཚང་བའི་ལམ་ལུགས་བཟོས་ཏེ། འདུམ་འགྲིག་ལས་དོན་ལ་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཏིང་ཡོད། སྣ་མང་མཉམ་འགུལ་གྱི་ལས་སྟེགས་ཧུར་ཐག་བསྐྲུན་ནས་ཕྱོགས་མང་ཞུགས་པ་དང་མཉམ་ཤུགས་འདོན་པའི་འདུམ་འགྲིག་ལས་དོན་གྱི་རྣམ་པ་ཆགས་རྒྱུར་སྐུལ་འདེད་བཏང་བ་དང་འབྲེལ། དབྱར་རྩྭ་དགུན་འབུ་འཐུ་ཡུལ་གྱི་སྐོར་སྐྱོད་འདུམ་འགྲིག་ལས་དོན་ཁང་དང་། “དུས་བཞི་འཆམ་མཐུན”གྱི་འདུམ་འགྲིག་ལས་དོན་ཁང་། དངུལ་རྩའི་རྩོད་གཞི་འདུམ་འགྲིག་ལས་དོན་ཁང་སོགས་ཁྱད་ལྡན་གཞི་རྟེན་གསར་གཏོད་བྱས་ནས་བཙུགས་པ་དང་ས་མཐོའི་ཁྱད་ཆོས་ལྡན་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ཞིབ་ཚགས་ངང་བཏོད་ཡོད། རིགས་དབྱེ་ཇུས་འདོན་དང་། སྔོན་ཚུད་ནས་ཐེ་ཞུགས། རང་འགུལ་ངང་འདུམ་འགྲིག་བཅས་བརྒྱུད། ལྗོངས་ཡོངས་ཀྱི་འགལ་བ་དང་རྩོད་གཞི་འདུམ་འགྲིག་ལེགས་གྲུབ་བྱུང་ཚད་96%ཡན་ཟིན་ནས། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྩོད་གཞི་གཞི་རིམ་དུ་ཐག་གཅོད་དང་། ས་གནས་དེ་གར་སེལ་བ། ཐོན་མ་ཐག་ཏུ་སེལ་ཐུབ་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།